དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • མང་ཚོགས་ཉེ་འགྲམ་གྱི“མཐུན་སྦྱོར་བ”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-11

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་དངུལ་དཔར་གྲོང་ཚོའི་གང་ས་ནས་ཁན་སྦྱར་དམར་པོ་གྱོན་པའི་གཞོན་ནུ་མའི་གཟུགས་བརྙན་ཞིག་རྟག་ཏུ་མཐོང་རྒྱུ་ཡོད། ཁོ་མོ་ནི་གྲོང་མིའི་དོན་དག་ཆེ་ཆུང་ཚང་མ་སེམས་ནང་འཇོག་མཁན“00ནང་སྐྱེས”ཀྱི་བུ་མོ་དང་གྲོང་ཚོའི་སྤྱི་ཚོགས་ལས་དོན་པ་ལྷ་མོ་ཆོས་སྒྲོན་རེད། ཉེ་ཆར“བྱ་བ་ཆུང་ཙག”ཅིག་གིས་ཁོ་མོ་གྲོང་ཚོའི་ནང་སྐད་གྲགས་ཆོད་པ་སྟེ། ཁོ་མོས་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་པའི་བུད་མེད་ཞིག་ལ་ཁྱིམ་གྱི་སྒོ་རྩར་ལས་ཀ་འཚོལ་རོགས་བྱས་པ་རེད།

    ཉིན་དེར་ལྷ་མོ་ཆོས་སྒྲོན་གྱིས་ནམ་རྒྱུན་བཞིན་དངུལ་དཔར་གྲོང་ཚོར་སྐོར་གཡེང་ལ་སྐྱོད་དུས་དུད་ཚང་ཞིག་གི་སྒོ་འགྲམ་དུ་སླེབས་སྐབས་ཁྱིམ་དེའི་ཁྱིམ་འཛིན་མ་སྒྲོལ་དཀར་གྱིས(འགྱུར་མིང)ལོ་ན་མཐོ་ཞིང་མལ་སར་ལུས་པའི་རྒན་རྒོན་ལ་སྨན་སྟེར་ཞོར་དུ་ངུ་བཞིན་པའི་བྱིས་པར་ཁ་ཡ་བྱེད་པ་མཐོང་། ཅི་འཕྲོས་མོལ་འཕྲོས་ཤོད་རིང་ལྷ་མོ་ཆོས་སྒྲོན་གྱིས་སྒྲོལ་དཀར་གྱི་བཟའ་ཟླ་རྒྱུན་དུ་ཕྱིར་ལས་ཀ་ཙག་ཙིག་བྱེད་པར་འགྲོ་བ་དང་ཡོང་འབབ་ཉུང་བའི་ཁར་བརྟན་པོ་མེད་པ་ཤེས། སྒྲོལ་དཀར་རང་ཉིད་རྒན་རྒོན་དང་ཕྲུ་གུར་ལྟ་རྟོག་བྱེད་དགོས་པས་ཕྱིར་གླ་པར་རྩ་བ་ནས་འགྲོ་ཐབས་བྲལ་ཁར། ཁྱིམ་གྱི་འཚོ་བར་དཀའ་ངལ་ཆེན་པོ་ཡོད་པའི་དབང་གིས་རྟག་ཏུ་སེམས་ཁྲལ་གྱིས་གཉིད་ཐེབས་ཀྱང་ཆག་གི་ཡོད་པ་རེད།

    “ཨ་ཅག སེམས་ཁྲལ་མ་བྱེད། ང་ཚོས་མཉམ་དུ་ཐབས་ཤེས་བཙལ་ཆོག”ཅེས་ལྷ་མོ་ཆོས་སྒྲོན་གྱིས་དོན་དག་དེ་བློ་ལ་བརྟན་པོར་ངེས། དེ་རྗེས་སྐོར་གཡེང་བྱེད་རིམ་བཞིན་ཁོ་མོས་གང་སར་སྐད་ཆ་འདྲི་གི་ཡོད། ཉིན་ཤས་སོང་རྗེས། ཁོ་མོ་སྐོར་གཡེང་ལ་སྐྱོད་སྐབས་གྲོང་ཚོའི་གྱོན་ཆས་བཟོ་ཁང་ཆུང་གྲས་ཤིག་གིས་ལས་མི་བསྡུ་ཡི་ཡོད་ཤེས་པ་མ་ཟད། ལས་ཀ་བྱེད་སའང་ཉེ་འགྲམ་དུ་ཡོད་པ་དང་རྐང་ཐང་མར་བསྐྱོད་ན་སྐར་མ་5ཙམ་ལས་འགོར་གྱི་མེད་པས། ངལ་གསོ་དང་ལས་ཀའི་དུས་ཚོད་སྐབས་བསྟུན་བྱེད་ཆོག་པ་དང་། བཙེམས་པའི་གྱོན་ཆས་ཀྱི་ཁ་གྲངས་ལ་གཞིགས་ནས་གླ་ཆ་སྤྲོད་ཀྱི་ཡོད་པ་རེད། དེ་འཕྲལ་ལྷ་མོ་ཆོས་སྒྲོན་གྱིས“དེ་ནི་སྒྲོལ་དཀར་ལ་ཧ་ཅང་འཚམ་པའི་ལས་ཀ་ཞིག་མིན་ནམ”སྙམ།

    ལྷ་མོ་ཆོས་སྒྲོན་གྱིས་དེ་འཕྲལ་བཟོ་ཁང་གི་འགན་འཁུར་བ་བཙལ་ནས་ལས་མི་བཀོལ་སྤྱོད་ཀྱི་བླང་བྱ་དང་གླ་ཆའི་ཐོབ་ཆ་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་འབྲེལ་ལམ་སེང་སྒྲོལ་དཀར་གྱི་ཁྱིམ་དུ་སོང་། སྒྲོལ་དཀར་རང་ཉིད་ལ་ལག་རྩལ་སྣ་གཅིག་མེད་པས་ལས་ཀ་ཡག་པོ་སྒྲུབ་མི་ཐུབ་པའི་སེམས་ཁྲལ་བྱེད་པར་ཁོ་མོས་ཕྱོགས་གཅིག་ནས་སྒྲོལ་དཀར་ལ“ག་ལེར་སྦྱངས་ན་འགྲིག དངངས་སྐྲག་མ་བྱེད་ཅིག”ཅེས་སྐུལ་ལྕག་བྱས་པ་དང་། ཕྱོགས་གཞན་ཞིག་ནས་བཟོ་ཁང་གི་སྦྱིན་བདག་དང་མཐུན་སྦྱོར་བྱས་ནས་ལས་གནས་ཐོག་མ་ཞུགས་གོང་གི་གསོ་སྦྱོང་གོ་སྐབས་བརྩོན་ལེན་བྱས་པ་རེད། ལྷ་མོ་ཆོས་སྒྲོན་གྱིས་མཐུན་སྦྱོར་དང་སྦྲེལ་མཐུད་ཡང་ཡང་བྱས་པ་བརྒྱུད་སྒྲོལ་དཀར་བདེ་བླག་ངང་ངོ་རྒྱུགས་འཕྲོད་ནས་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ།

    གྲོང་མི་ཚོས་བསྔགས་བརྗོད་བྱེད་སྐབས་ལྷ་མོ་ཆོས་སྒྲོན་གྱིས“མང་ཚོགས་ཀྱི་བྱ་བ་ཚང་མ་དོན་ཆེན་ཡིན་པས་ངས་དྲ་མིག་པ་ཞིག་གིས་སྒྲུབ་དགོས་པའི་བྱ་བ་བསྒྲུབས་པ་ཙམ་ཡིན”ཞེས་བཤད། ཁོ་མོའི་ངོས་ནས་བརྗོད་ན། གཞི་རིམ་གྱི་སྤྱི་ཚོགས་ལས་དོན་པས་གཤམ་དུ་མང་ཙམ་བསྐྱོད་ནས་དམངས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་པ་དང་། ལྷག་བསམ་ལ་བརྟེན་ནས་ཡིད་ཆེས་ཐོབ་ཐབས་བྱེད་དགོས་ཀྱི་ཡོད། དོན་དག་ཆུང་ཙག་དེས་ཀྱང་ཁོ་མོའི་ལས་ཀའི་ཁ་ཕྱོགས་སྔར་བས་གཏན་འཁེལ་ཐུབ་པ་སྟེ། “སླད་ཕྱིན་ངས་མུ་མཐུད་དྲ་མིག་པའི་ལས་དོན་དེ་བས་ཞིབ་ཚགས་སྒྲུབ་པ་དང་། གྲོང་མིའི་དགོས་མཁོ་མང་ཙམ་ཉན་ནས། ཚང་མར་བྱ་བ་དངོས་ཏན་ཏིག་སྒྲུབ་པ་དང་། ཚང་མའི་སེམས་ཁྲལ་སེལ་གང་ཐུབ་བྱེད་ཀྱི་ཡིན”ཞེས་བཤད།

    དངུལ་དཔར་གྲོང་ཚོར་ལྷ་མོ་ཆོས་སྒྲོན་གྱི་གཏམ་རྒྱུད་ད་དུང་རྒྱུན་མཐུད་བཞིན་ཡོད། དེ་ནི་གཞི་རིམ་གྱི་སྤྱི་ཚོགས་ལས་དོན་པ་ཁྲི་སྟོང་མང་པོའི་མཚོན་ཚུལ་དངོས་ཏེ། ཁོང་ཚོས་སྤྱིར་བཏང་གི་ལས་གནས་ཐོག་བྱ་སྤྱོད་ཆུང་ཙག་ལ་བརྟེན་ནས་གཞན་ལ་རེ་བ་སྦྱིན་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།