དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • གངས་རིའི་ཆབ་རྒྱུན་དངུལ་སྨར་ཡོང་སྒོར་འགྱུར།

    གཏིང་སྐྱེས་རྫོང་ཁྱུང་རྩེ་ཤང་གླང་ཕུ་རྩེ་ལྔ་འཐུང་ཆུ་བཟོ་གྲྭས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཚེ་ཁོ། དཔལ་མཆོག ཉི་མ་ཚེ་རིང་། སྤེན་པ།   |     སྤེལ་དུས།  2026-09-11

    འདི་ནི་འཐུང་ཆུའི་ཆུ་འགོ་ཡིན་པ།

    འདི་ནི་འཐུང་ཆུ་བཟོ་གྲྭའི་ཐོན་སྐྱེད་འཁོར་ཁང་ཡིན་པ།

    འདི་ནི་འཐུང་ཆུ་བཟོ་གྲྭའི་ཐོན་སྐྱེད་འཁོར་ཁང་ཡིན་པ།

    འདི་ནི་འཐུང་ཆུ་བཟོ་གྲྭའི་ཐོན་སྐྱེད་འཁོར་ཁང་ཡིན་པ།

    འདི་ནི་ཁེ་སྤོགས་བགོ་འགྲེམས་རྒྱག་བཞིན་པ།

    བོད་ལྗོངས་གཏིང་སྐྱེས་རྫོང་ནི་གངས་རིའི་ཆབ་རྒྱུན་གྱིས་མཐའ་ནས་བསྐོར་ཞིང་། ཡུལ་ལུང་དེ་ན་ཁོད་ཡངས་ཞིང་རྒྱ་ཆེ་བའི་རྩྭ་ཐང་དང་འདམ་ར། སྤང་གཞོངས་ན་ཁའི་རང་བྱུང་ཁམས་ཀྱི་མཛེས་པ་མ་བཅོས་ལྷུན་གྱིས་གྲུབ་ཡོད་ལ། དེ་བས་ཁྱུང་རྩེ་ཤང་ཁོངས་སུ་ཆགས་པའི་གངས་དཀར་གླང་ཕུ་རྩེ་ལྔ་ནི་ཡུལ་མི་ཚོས་འཚོ་རྟེན་གྱི་གནས་རིར་འཛིན་པའི་གཏམ་རྒྱུད་ཧ་ཅང་མང་། གངས་དཀར་གྱི་ལྷུན་པོ་དེ་ལས་བཞུར་བའི་ཆུ་ཕྲན་གྱི་ལྟེང་ཀ་བརྒྱ་རྩ་བརྒྱད་ཙམ་ཡོད་པར་གྲགས་ཤིང་། ཡན་ལག་བརྒྱད་ལྡན་གྱི་ཆབ་རྒྱུན་དེ་ནི་ཡུལ་མི་རྣམས་ཚེ་རིང་ནད་མེད་ཀྱི་བགོ་སྐལ་ལྟར་གཡའ་སྤང་གི་སུལ་ནས་ལང་ལོང་དུ་བཞུར་བཞིན་ཡོད།

    ཁྱུང་རྩེ་ཤང་གླང་མ་གྲོང་ཚོའི་རི་སུལ་ནས་འབབ་པའི་གངས་ཆབ་བསིལ་མས་ཡུལ་མི་ཚོར་ཕྱུག་འགྱུར་ལམ་བུ་ཞིག་བཏོད་ཡོད་དེ། གཏིང་སྐྱེས་རྫོང་གླང་མ་གླང་ཕུ་རྩེ་ལྔའི་ལྷད་མེད་འཐུང་ཆུ་ལས་སྣོན་ཆེད་ལས་མཉམ་ལས་ཁང(གླང་ཕུ་རྩེ་ལྔ་འཐུང་ཆུ་བཟོ་གྲྭ)གིས་ཐུན་མོང་མ་ཡིན་པའི་གངས་ཆུའི་ཐོན་ཁུངས་སྤྱད་དེ་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་མཉམ་ལས་ཁང་བཙུགས་པ་དང་ཆབས་ཅིག སྐྱེ་ཁམས་ཀྱི་ལེགས་ཆ་དེ་དམངས་ཕྱུག་ལེགས་ཆར་བསྒྱུར་ཏེ་མང་ཚོགས་ལ་འབབ་འཕར་བཏོད་ཡོད།

    གླང་ཕུ་རྩེ་ལྔ་ཆུ་བཟོ་གྲྭ་དེ་2015ལོ་ནས་2016ལོ་བར་གྲོང་ཚོའི་མང་ཚོགས་ཀྱིས་མ་དངུལ་བསྡུ་རུབ་དང་གྲོང་སྡོད་ལས་དོན་རུ་ཁག་གི་རོགས་སྐྱོར་འོག་དངོས་སུ་བཙུགས་ནས་ཐོན་སྐྱེད་བྱེད་འགོ་བཙུགས་པ་རེད། བཟོ་གྲྭའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་600ཟིན་ཞིང་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་མཉམ་ལས་ཁང་གཉེར་སྐྱོང་བྱེད་སྟངས་སྤྱད་དེ་རང་བཟོས་སྤུས་ལེགས་འཐུང་ཆུ་གཞིས་རྩེའི་རྫོང་ཁོངས་18ཀྱི་ཁྲོམ་རར་མཁོ་འདོན་བྱས་པས་གཉེར་སྐྱོང་གི་རྣམ་པ་བརྟན་པོ་ཡོད་པ་རེད།

    “བཟོ་གྲྭ་བཙུགས་པ་ནས་བཟུང་། ཆུ་བཟོ་གྲྭར་ལོ་རེའི་ཆ་སྙོམས་ཐོན་རྫས་རིན་ཐང་སྒོར་ཁྲི་15ཟིན་པ་དང་རིམ་རྩིས་བརྒྱབ་ན་མ་རྐང་ནང་ཞུགས་པའི་ཡུལ་མིར་ཁེ་སྤོགས་སྒོར་ཁྲི་120ལྷག་ཙམ་བགོས་པས། གངས་ཆབ་བསིལ་མའི་ཡོང་འབབ་ཀྱིས་གླང་ཕུ་གྲོང་ཚོའི་དུད་ཚང་ཚང་མར་ཕན་པ་ཐོབ་ཡོད”ཅེས་བཟོ་གྲྭའི་འགན་འཁུར་བས་ངོ་སྤྲོད་བྱས།

    འཕེལ་རྒྱས་གཏོང་བའི་ལམ་བུར་སྲིད་ཇུས་ཀྱི་གཟིགས་སྐྱོང་ཆེན་པོ་ཐོབ་ཡོད་དེ། 2020ལོ་ནས་2023ལོ་བར་གཞིས་རྩེ་གྲོང་ཁྱེར་དང་རྫོང་དེ་གའི་སྤྱི་འདོམས་བཀོད་སྒྲིག་འོག་རྫོང་ཞིང་ལས་གྲོང་གསེབ་དང་ཚན་རིག་ལག་རྩལ་ཅུས་དང་ཁྱུང་རྩེ་ཤང་གིས་རྨང་བརྟན་དམངས་ཕན་གྱི་ཆེད་སྤྱོད་མ་དངུལ་སྒོར་ཁྲི་218བསྡུ་སྒྲིལ་བྱས་ཏེ་བཟོ་ཁང་རིམ་སྤོར་སྒྱུར་བཀོད་དང་། ཐོན་སྐྱེད་སྒྲིག་ཆས་གསར་བརྗེས། འོས་ཐོབ་སྒྲུབ་གཉེར། ལས་ཞུགས་མི་སྣའི་རྩལ་ནུས་གསོ་སྦྱོང་སོགས་ཀྱི་ལས་དོན་ཐད་སྤྱད་ནས་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྨང་གཞི་ཕྱོགས་ཡོངས་ནས་བརྟན་དུ་བཏང་ཡོད། 2024ལོར་འཐུང་ཆུ་བཟོ་གྲྭར་སྐར་མ་90ཡི་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་བཟའ་བཅའ་ཐོན་སྐྱེད་ཆོག་འཐུས་ཞིབ་དཔྱད་ཚད་ལེན་ཐོབ་ཡོད་པ་རེད།

    ཚད་ལྡན་ཅན་གྱི་ཐོན་སྐྱེད་འཁོར་ཁང་དུ་སྐྱོད་སྐབས་གངས་ཆུ་དྭངས་སིང་འབྱེད་པའི་སྒྲིག་ཆས་གྲལ་སྟར་འགྲིག་པོར་ཡོད་ལ། དྭངས་གཙང་གི་གངས་ཆུ་འགྱིག་དམ་དུ་བླུགས་པའི་སྒྲིག་ཆས་ལ་སོགས་ཐོན་སྐྱེད་བརྒྱུད་རིམ་ཆ་ཚང་བ་དང་གོ་རིམ་ལྡན་པས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་གངས་ཆབ་བསིལ་མའི་སྤུས་ཚད་སོར་འཇོག་བྱས་ཡོད། ཉེ་བའི་ལོ་ཤས་རིང་། འཐུང་ཆུ་བཟོ་གྲྭས་སྤུས་རྟགས་གཏོད་པར་མུ་མཐུད་སྐུལ་འདེད་བཏང་ནས་ཐོན་རྫས་ཐུམ་སྒྲིལ་མཛེས་བཟོ་དང་བཏུང་བྱ་ཁྱབ་གདལ་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད་ཚོང་ལམ་རྒྱ་ཆེར་བཏང་སྟེ་མི་དེ་བས་མང་བས་གཏིང་སྐྱེས་ཀྱི་གངས་ཆུའི་བྲོ་བ་མྱོང་ཐུབ་པ་བྱས་ཡོད།

    “དེ་སྔ་གྲོང་ཚོར་ཐོན་ལས་མེད་པས་མང་ཚོགས་ཀྱིས་ཡོང་འབབ་གསོག་པའི་ཐབས་ལམ་ནི་ཕྱིར་གླ་པ་རྒྱུག་པ་ཁོ་ན་ཡིན། འཐུང་ཆུ་བཟོ་གྲྭ་བཙུགས་ཚུན། ང་ཚོ་ཐག་ཉེ་སར་ལས་ཞུགས་ཐུབ་བྱུང་ལ། ལོ་ལྟར་བགོ་འགྲེམས་ཀྱང་ཡོད། འཚོ་བ་ཉིན་རེ་བཞིན་ཇེ་ཡག་ཇེ་ལེགས་སུ་འགྲོ་བ་དང་གངས་རིའི་ཆབ་རྒྱུན་དངུལ་སྨར་ཡོང་སྒོར་གྱུར་སོང”ཞེས་གླང་མ་གྲོང་ཚོའི་མ་རྐང་ནང་ཞུགས་མཁན་ཡུལ་མི་བཀྲ་ཤིས་ཀྱིས་དགའ་ཚོར་ཆེན་པོས་བརྗོད།

    གོམ་སྟབས་རྗེས་མར། མཉམ་ལས་ཁང་གིས་ཐོན་རྫས་ཀྱི་སྤུས་ཚད་མུ་མཐུད་ཡག་ཐོག་ཡག་བརྩེགས་ཀྱིས་རང་ཡུལ་གྱི་སྤུས་རྟགས་གཏོད་པ་དང་ས་མཐོའི་གངས་ཆུའི་ཁྱད་ལྡན་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེ། གངས་ལྗོངས་ས་མཐོའི་དྭངས་གཙང་གི་འཐུང་ཆུས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་ལ་ནུས་པ་རྒྱུན་མཐུད་ཐོན་པར་བྱེད་པ་དང་། ཡུལ་མི་ཚོའི་སྣེ་ཁྲིད་དེ་སྐྱེ་ཁམས་མཛེས་སྡུག་ལྡན་པ་དང་། ཐོན་ལས་དར་རྒྱས། མང་ཚོགས་ཕྱུག་འགྱུར་བཅས་ཀྱི་ལམ་བུར་སྐྱོད་ཐུབ་པ་བྱེད་རྩིས་ཡོད་ཅེས་གཏིང་སྐྱེས་རྫོང་དྲིལ་བསྒྲགས་པུའི་འགན་འཁུར་མི་སྣས་ངོ་སྤྲོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།