དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • ས་སྐྱས་གཟན་རྩྭ་བཏབ་ནས་ས་མཐོ་སྔོ་ལྗང་གིས་བརྒྱན་པ་དང་ཡུལ་མི་སྤུན་ཟླ་ཕྱུག་པོའི་ལམ་དུ་ཁྲིད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-10

    གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་བྲག་མཇུག་ཤང་གི་གཟན་རྩྭ་འདེབས་འཇུགས་རྟེན་གཞིར། ས་སྐྱེས་རྡོ་སྐྱེས་ཀྱི་འབྲོག་པ་དོན་གྲུབ་ད་ཆ་རྟེན་གཞིའི་དོ་དམ་པར་གྱུར་ཞིང་། ཁོང་གི་ཁྱིམ་ཚང་ལ་དབང་བའི་རྩྭ་ར་མུའུ་8ཚང་མར་གཟན་རྩྭ་བཏབ་ཡོད། དོན་གྲུབ་ཀྱིས“དེ་སྔ་དགུན་ཁ་སླེབས་རིམ་བཞིན་སེམས་ཁྲལ་རྫོགས་རྒྱུ་མེད། ནོར་ལུག་གི་གཟན་རྩྭ་མི་འདང་བས་ས་ཆ་གཞན་ནས་གཟན་རྩྭ་ཉོ་དགོས་ཀྱི་ཡོད། གོང་མཐོ་པོ་ཡོད་པ་མ་ཟད། ནོར་ལུག་གི་ཤ་ཤེད་ཡང་ཉམས་འགྲོ་གི་འདུག འོན་ཀྱང་ད་ཆ་རང་ཁྱིམ་གྱི་གཟན་རྩྭ་མང་བའི་ཁར། ནོར་ལུག་ཤ་ཤེད་རྒྱས་ཤིང་། དེ་ལས་ཐོན་པའི་འབྲི་མར་དང་ལུག་གི་ཁུ་ལུ་ཡང་བྲིན་ཁ་རྒྱུག་པོ་འདུག”ཅེས་བརྗོད།

    དོན་གྲུབ་ཀྱི་གཏམ་རྒྱུད་ནི་ས་སྐྱ་རྫོང་གཟན་རྩྭའི་ཐོན་ལས་ཀྱི་རླབས་རྒྱུན་ཆེན་པོའི་ཁྲོད་ཀྱི་ཟེགས་མ་ཙམ་ཞིག་རེད།

    ཚང་མའི་བསམ་ཡུལ་ལས་འདས་པ་ཞིག་ནི་སྔོ་ལྗང་གཟན་རྩྭས་ཡོངས་སུ་བཀླུབས་པའི་ས་གཞི་གཤིན་པོ་དེ་ལོ་ཤས་གོང་ད་དུང་ཐང་རྒོད་ཡིན། དགུན་ཁ་དང་དཔྱིད་ཀའི་དུས་སུ། གྲོང་ཚོར་བྱེ་རླུང་ལྡང་བས། ཚང་མ་སྒེའུ་ཁུང་ཕྱེ་མི་ནུས་ལ་གྱོན་གོས་ཀྱང་སྐམ་ཐབས་བྲལ། ས་སྐྱ་རྫོང་གིས་གཟན་རྩྭའི“མཁོ་སྤྲོད་འཁོར་འབྲེལ”ལ་དམིགས་ཏེ། ཡུག་འབྲེལ་རྣམ་པའི་མུའུ་ཁྲི་ཡི་གཟན་རྩྭ་འདེབས་འཛུགས་རྟེན་གཞི་འཆར་འགོད་བྱས་ཤིང་། ཚད་ལྡན་ཅན་གྱི་འདེབས་འཛུགས་ལག་རྩལ་ཁྱབ་གདལ་བཏང་བ་དང་དུས་མཚུངས་མཛོད་ཉར་ལེ་ལག་ཚང་བའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས། “གཟན་རྩྭ་དང་ཕྱུགས་རིགས་ལེ་ལག་ཚང་བ་དང་འདེབས་འཛུགས་དང་གསོ་ཚགས་འཁོར་རྒྱུག”གི་དགེ་མཚན་ལྡན་པའི་འཕེལ་རྒྱས་མ་ལག་བཙུགས་པ་རེད།

    ལོ་ཤས་སོང་རྗེས། མུའུ་ཁྲི་5ལྷག་ཙམ་གྱི་ཐང་རྒོད་སྔོ་ལྗང་ཅན་དུ་གྱུར་ནས། བྱེ་རླུང་ལྡང་ཉུང་དུ་ཕྱིན་པ་མ་ཟད། གྲོང་ཚོ་ཡང་གཙང་སྦྲ་དང་དཀར་ཆ་དོད་དུ་ཕྱིན་ཡོད། ཡུལ་མི་སྤུན་ཟླ་ཚོ་དེ་བས་དགའ་འོས་པ་ཞིག་ནི་ས་ཞིང་བརྒྱུད་བཤུག་བཏང་བའི་བོགས་དངུལ་སྒོར་ཁྲི་596.98ཟིན་པ་དང་མཉམ་ལས་ཁང་གིས་གཟན་རྩྭ་བཙོངས་པའི་ཁེ་སྤོགས་སྒོར་ཁྲི་300ལྷག་ཙམ་ཟིན་ནས། ཡུལ་མི་ཚོའི་འབབ་འཕར་ཐབས་ལམ་སྔར་བས་ཡངས་སུ་ཕྱིན་ཡོད།

    2025ལོར། ས་སྐྱ་རྫོང་གི་ཤ་སྒོང་དང་དཀར་ཆུའི་ཐོན་འབབ་ཏུན་ཁྲི་2.12ལྷག་ཙམ་ཟིན་པ་དང་། རྒྱུད་བཟང་ལ་ཁ་གསབ་དངུལ་སྒོར་ཁྲི་1182.84སྤྲད་པ་དག་ཚང་མ་གསོ་ཚགས་བྱེད་མཁན་གྱི་ལག་ཏུ་འབྱོར་ཡོད། ལོ་དེར་ས་སྐྱ་རྫོང་གིས་རྒྱུད་བཟང་ཕྱུགས་རིགས་མགོ་གྲངས་9857ཁྱབ་གདལ་བཏང་ཞིང་། རྒྱུད་བཟང་ཁྱབ་གདལ་ལ་བསྡོམས་རྩིས་བརྒྱབ་ན་ཁ་གསབ་དངུལ་སྒོར་ཁྲི་1182.84རག་ཡོད་པ་རེད།

    དེ་སྔ་རེ་མེད་ཀྱི་ཐང་རྒོད་དེ་ལས་ཁེ་འབབ་ཁག་བཞི་རག་ཡོད་ཅིང་། དོན་གྲུབ་ཀྱི་ཁྱིམ་དུ་ཡང་ལོ་རེའི་ཡོང་འབབ་སྒོར་ཁྲི་9ལྷག་ཙམ་ཟིན་པ་དང་། ལོ་རེར་སྒོར་8000ཙམ་གྱི་གྲོང་ཚོའི་མཉམ་སྡེབ་ས་ཞིང་བརྒྱུད་བཤུག་ཁེ་སྤོགས་རག་གི་ཡོད་པས། ཁྱིམ་ཚང་ཡོངས་ཀྱི་ལོ་གཅིག་ལ་གཟན་རྩྭ་ཐོན་ལས་ཁོ་ནའི་འབྲེལ་ཡོད་ཡོང་འབབ་སྒོར་ཁྲི་18གཡས་གཡོན་ཟིན་གྱི་ཡོད་པ་རེད།

    སྔོ་ལྗང་གཟན་རྩྭས་ཐང་རྒོད་བཀླུབས་པ་དང་། གྲོང་ཚོའི་རྣམ་པ་མཛེས་ཤིང་སྐྱིད་པ། ཡུལ་མིའི་དངུལ་ཁུག་ལྗིད་ཏིག་ཏིག་ཏུ་གྱུར་བ་བཅས་བྱུང་ནས། ཚང་མའི་འཚོ་བར་རེ་བས་ཁེངས་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།