ཇ་ཤིང་ར་བར་བསུང་ངད་ཁྱབ། མང་ཚོགས་བཞིན་ལས་འཛུམ་མདངས་འཕྱུར།
—— གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་འདྲེན་ཐང་གྲོང་རྡལ་གྱིས“སྐྱེ་ཁམས་མཛེས་པ་དང་། ཐོན་ལས་དར་བ། མི་སེར་ཕྱུག་པ”བཅས་ཀྱི་དུས་རབས་གསར་པའི་གཏམ་རྒྱུད་བརྩམས་པ།

འདི་ནི་ཏང་ཡོན་དང་བླངས་ཞབས་ཞུའི་རུ་ཁག་གི་རུ་མིས་ཡུལ་མི་ཚོར་ཇ་ལོ་འཐུ་རོགས་བྱེད་བཞིན་པ།

འདི་ནི་ཏང་ཡོན་དང་བླངས་ཞབས་ཞུའི་རུ་ཁག་གི་རུ་མིས་ཡུལ་མི་ཚོར་ཇ་ལོ་འཐུ་རོགས་བྱེད་བཞིན་པ།

འདི་ནི་ཡུལ་མིས་འདྲེན་ཐང་གྲོང་རྡལ་གྱི་ཇ་ལོ་ལས་སྣོན་གསོ་སྦྱོང་ཁང་དུ་སྦྱོང་བརྡར་བྱེད་བཞིན་པ།
ཇོ་མོ་གླང་མའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བར་གནས་པའི་གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་འདྲེན་ཐང་གྲོང་རྡལ་ས་ལེ་གྲོང་ཚོའི་མུ་ཁྱུད་ཀྱི་རི་ལྡེབས་སུ་ཇ་ཤིང་སྡོང་པོའི་རྣང་མ་གྱ་གྱུར་མངོན། ས་བབ་སྨི་2500ཙམ་ཟིན་པའི་ས་མཐོའི་སྐྱེ་ཁམས་ཀྱི་ཇ་ཤིང་ར་བར་ཇ་ལོ་བཏབ་པ་དེས་གཞིས་རྩེར་གཞི་ཁྱོན་ཅན་གྱི་ཇ་ལོ་འདེབས་མྱོང་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་མ་ཟད། དེ་གའི་མང་ཚོགས་ལ“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”ཕན་པ་ཚོར་དུའང་བཅུག་ཡོད།
འདྲེན་ཐང་གྲོང་རྡལ་ནི་ཤར་པ་བ་འདུས་སྡོད་ཁུལ་གཙོ་བོ་ཞིག་ཡིན་པས“ཤར་པའི་རིག་གནས་ཀྱི་ཕ་ཡུལ”ཞེས་བརྗོད་ཀྱིན་ཡོད། དེ་གར་གནམ་གཤིས་དྲོ་གྲང་སྙོམས་པ་དང་། ཆར་ཆུ་འབེལ་བ། རང་བྱུང་ཁམས་ཀྱི་མཐུན་རྐྱེན་འཛོམས་པ་བཅས་ཡོད་ཀྱང་ཐག་རིང་ལུང་ཁུག་ཏུ་གནས་པ་དང་། འགྲིམ་འགྲུལ་སྟབས་བདེ་མེད་པ། ཐོན་ལས་རྐྱང་པ་ཡིན་པ་བཅས་ཀྱི་རྐྱེན་པས་དུས་ཡུན་རིང་པོར“རི་སྔོན་ཆུ་དྭངས་བསྲུངས་ཀྱང་གསེར་དངུལ་རི་ལ་་བསྒྱུར་མི་ཐུབ་པའི”དཀའ་ངལ་གྱི་གནས་སུ་ལྷུངས་ཤིང་། གཞོན་ནུ་དང་དར་མ་ཕྱིར་གླ་པར་བསྐྱོད་ནས་གཞིས་སྲུང་རྒན་རྒོན་ཚོས་མུའུ་རེའི་ཐོན་འབབ་རྒྱ་མ་300ཡང་མ་ཟིན་པའི་མང་ཆག་བཏབ་ནས་འཚོ་བ་སྐྱེལ་གྱི་ཡོད།
2022ལོ་ནས་འགྱུར་ལྡོག་འགྲོ་འགོ་ཚུགས་ཤིང་། སྐྱེ་ཁམས་ཁོར་ཡུག་པུའི་ནན་ཅིང་ཁོར་ཡུག་ཚན་རིག་ཞིབ་འཇུག་ཁང(གཤམ་དུ“ནན་ཅིང་ཞིབ་འཇུག་ཁང”ཞེས་བསྡུ་རྒྱུ)དང་འདྲེན་ཐང་གྲོང་རྡལ་དབར་ཆ་སྒྲིག་རོགས་སྐྱོར་གྱིས་མ་དངུལ་ཁག་དང་པོ་སྒོར་ཁྲི་100དོན་འཁྱོལ་བྱས་ཏེ་མུའུ་10ཟིན་པའི་ཚོད་ལྟའི་ཇ་ཤིང་ར་བ་བསྐྲུན་ནས་ཀྲུང་གོའི་ཇ་ལོ་ཨང་རྟགས་302དང་། སྡིང་ཇ་དཀར་པོ། ཧྥུའུ་སྡིང་ཇ་ལོ་ཨང་9པ་སོགས་སྤུས་ལེགས་ཇ་རིགས་ཐེངས་དང་པོར་ཇོ་མོ་གླང་མའི་འདབས་སུ་བཏབ། ས་རྒྱུ་ལེགས་བཅོས་དང་འཕྲོད་ཐུབ་པའི་ཚོད་འདེབས་བྱས་མཐར་གཞིས་རྩེ་གྲོང་ཁྱེར་དུ་གཞི་ཁྱོན་ཅན་གྱི་ཇ་ལོ་འདེབས་མྱོང་མེད་པར་ཚད་བརྒལ་བྱུང་བ་མ་ཟད། 2024ལོར་འདྲེན་ཐང་གྲོང་རྡལ་གྱིས་ཀྲུང་དབྱང་གི་རོགས་སྐྱོར་མ་དངུལ་སྒོར་ཁྲི་70བརྩོན་ལེན་བྱས་ནས་ཇ་ཤིང་ར་བ་མུའུ་20བར་ཆེ་རུ་བཏང།
“རིགས་གཅིག་མཁས་ཅན་ཚོས་ང་ཚོར་ས་དོང་འདྲུ་སྟངས་དང་། ལུད་རྒྱག་སྟངས། འགྱིག་ཤོག་གཡོག་སྟངས། སྤོ་འཛུགས་བྱེད་སྟངས་བཅས་དམར་ཁྲིད་བྱས་པ་མ་ཟད། སྔོ་དྲི་བཏུལ་བ་དང་། འཕུར་མཉེས་གཏོང་བ། ཉི་སྐམ་གཏོང་བ། བསྙལ་བ་བཅས་བྱེད་སྟངས་ཀྱང་བསླབས་བྱུང”ཞེས་ཇ་ཞིང་ལ་གཡོག་བྱེད་མཁན་ངག་དབང་ཆོས་འཕེལ་གྱིས་བཤད་པ་དང་། ཁོང་གིས“ད་ཆ་གྲོང་ཚོའི་ཡུལ་མི་མང་པོས་ཇ་འདེབས་ཤེས་པ་དང་ཇ་ལོ་ལས་སྣོན་བྱེད་ཤེས་པས། ལག་ཤེས་ལ་བརྟེན་ནས་ཁྱིམ་གྱི་སྒོ་རྩ་ནས་ཡོང་འབབ་གསོག་གི་ཡོད”ཅེས་བཤད།
ནན་ཅིང་ཞིབ་འཇུག་ཁང་གི་རིགས་གཅིག་མཁས་ཅན་ཚོགས་པས་རིམ་རྩིས་བརྒྱབ་ན་ས་ཡུལ་དངོས་ལ་མཛུབ་ཁྲིད་ཐེངས་12དང་བཀོལ་སྤྱོད་གསོ་སྦྱོང་ཐེངས་8བྱས་ཏེ། ཇ་ལོ་འདེབས་འཛུགས་ནས་ལས་སྣོན་བར“བརྒྱུད་རོགས་ཁྲིད་གསུམ”བྱས་ཡོད། 2023ལོར་སྟོན་ཇ་གསར་པ་རྒྱ་མ་38ཐོག་མར་བཏུས་པ་དང་། 2024ལོར་དཔྱིད་ཇ་ཐོག་མར་བཏུས་པ་མ་ཟད། 2026ལོའི་ལོ་སྟོད་དུ་ཇ་ལོ་གསར་པའི་ཐོན་འབབ་རྒྱ་མ་105ཟིན་ནས་ལོ་ཧྲིལ་པོར་སྔོན་དཔག་བྱས་ན་རྒྱ་མ་350ལས་བརྒལ་རྒྱུ་རེད།
མང་ཚོགས་ལ་ཕན་པ་ཐོབ་པ་ནི་མཉམ་ལས་ཁང་དང་། རྟེན་གཞི། ཞིང་དུད་བཅས་ཟུང་དུ་འབྲེལ་བའི་ལམ་སྲོལ་ཡག་པོ་ལས་བྱུང་བ་ཞིག་རེད། ས་ལེ་གྲོང་ཚོའི་མ་རྐང་དཔལ་འབྱོར་མཉམ་ལས་ཁང་གིས་གཅིག་གྱུར་དོ་དམ་བྱས་ཏེ། 2026ལོར་བོད་ལྗོངས་གསོ་རླུང་རིག་ནུས་ཚན་རྩལ་ཚད་ཡོད་ཀུང་སིའི་དབར་ཇ་ཤིང་ར་བའི་ཁང་པ་བོགས་མར་གཏོང་བར་ལོར་བོགས་དངུལ་སྒོར་ཁྲི་2ཀྱི་གན་རྒྱ་བཞག་པ་དང་། ཀྲུང་གོའི་གྲོང་གསེབ་ཐེབས་རྩ་ལྷན་ཚོགས་ཀྱིས་རོགས་སྐྱོར་བྱས་པའི་སྒོར་ཁྲི་40ལ་བརྟེན་ནས་ཇ་ལོ་ལས་སྣོན་འཕྲུལ་ཆས་ཉོས་ཏེ་ཕྱིར་བོགས་མར་བཏང་བར་སྔོན་དཔག་བྱས་ན་ལོར་འབབ་འཕར་སྒོར་ཁྲི་0.8ཡོང་བཟོ་ཡོད་ལ། ཇ་ཤིང་ར་བར་ལོ་ལྟར་མང་ཚོགས་7ཙམ་ཐག་ཉེ་སར་ལས་ཞུགས་ཐུབ་པ་དང་། དུད་ཚང་94ཡི་མི་གྲངས་459འབབ་འཕར་བརྟན་པོ་ཡོང་བར་སྐུལ་ཁྲིད་ཐུབ་པར་སྔོན་དཔག་བྱས་ན་ད་ལོར་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་1000ཡན་ཟིན་བཟོ་ཡོད་པ་རེད།
ད་ལོའི་ཟླ་དང་པོར་གཏིང་སྐྱེས་རྫོང་གིས་སླར་ཡང་བྱ་ཐབས་གསར་པ་བཏོན་ནས་སི་ཁྲོན་ཞིང་ལས་སློབ་ཆེན་འདྲེན་ཐང་ས་མཐོའི་རྩི་ཤིང་བདེ་ཐང་ཐོན་ལས་ཞིབ་སྤེལ་ལྟེ་གནས་ཀྱི་དགེ་རྒན་ཆེ་མོ་བ་གཞོན་པ་3གདན་དྲངས་ཏེ་ས་ཡུལ་དངོས་ལ་མཛུབ་ཁྲིད་བྱས་ཤིང་། རིགས་གཅིག་མཁས་ཅན་ཚོགས་པས་བདེ་ཐང་གི་འཕེལ་ཕྱོགས་ཆེན་པོར་དམ་པོར་དམིགས་ནས་འདྲེན་ཐང་གི་ཇ་ལོ་དེ“ས་མཐོའི་སྐྱེ་ཁམས་བདེ་ཐང་གི་ལག་རྟགས”སུ་འགྱུར་བར་བྱས་ནས་ཇའི་ཐོན་ལས་ལ་ཡུན་རིང་གི་སྒུལ་ཤུགས་སྣོན་དགོས་པའི་གྲོས་འགོ་བཏོན།
ཐོན་འབབ་དམའ་བའི་མང་ཆག་ནས་ཡོང་འབབ་མཐོ་བའི་སྐྱེ་ཁམས་ཇ་ལོ་འདེབས་པའི་བར་དང་། ས་རྒྱུ་ཞན་པའི་རི་གྲོང་ནས་ལྗང་མདོག་འཕེལ་རྒྱས་གཏོང་བའི་སྒྲིག་གཞིའི་བར་འཕེལ་རྒྱས་བྱུང་ནས་འདྲེན་ཐང་གྲོང་རྡལ་གྱི་ལག་ལེན་དངོས་ལས་སྐྱེ་ཁམས་དང་འཕེལ་རྒྱས་གཉིས་པོ་གཅིག་བདེན་གཅིག་མིན་གྱི་གདམ་ག་མིན་པར་ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་བ་དང་། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱེད་པ། ལམ་བུ་ཡང་དག་གཏོད་པ་བཅས་བྱུང་ཚེ་རི་སྔོན་ཆུ་དྭངས་གསེར་དངུལ་རིར་རྒྱུན་ཆད་མེད་པར་འགྱུར་རྒྱུ་ཡིན་པ་ར་འཕྲོད་ནུས་ལྡན་ཐུབ་ཡོད།
འདྲེན་ཐང་གྲོང་རྡལ་མི་དམངས་ཀྱིས་ལས་ལ་བརྩོན་པའི་ལག་གཉིས་དང་བློ་གྲོས་ལ་བརྟེན་ནས་གངས་ལྗོངས་ས་མཐོར“སྐྱེ་ཁམས་མཛེས་པ་དང་། ཐོན་ལས་དར་རྒྱས། མི་སེར་ཕྱུག་པ”བཅས་ཀྱི་དུས་རབས་གསར་པའི་གཏམ་རྒྱུད་བརྩམས་དང་རྩོམ་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།