དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • ནགས་ཁྲོད་ཐོན་ཁུངས་མང་ཚོགས་ཀྱི་འབབ་ཁུངས་ལ་གྱུར་པ།

    ——སྤོ་བོ་རྫོང་གིས་སྐྱེ་ཁམས་སྲུང་སྐྱོང་དང་འབབ་འཕར་གཉིས་ཀ་ཡོང་བའི་དར་རྒྱས་ལམ་བུར་བསྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-02

    འདི་ནི་ཁྲབ་རྨོག་གྲོང་རྡལ་འདོང་རོ་གྲོང་ཚོའི་ཡུལ་མིས་ར་མོ་ཤག་ཆེན་རྐོ་བཞིན་པ།

    ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གི་ནགས་ཁྲོད་ས་རྒྱུ་གཤིན་པོར་མི་ཐབས་ལ་བརྟེན་པའི་རི་སྐྱེས་ར་མོ་ཤག་ཆེན་ཡུག་གཅིག་ཏུ་བཏབ་ནས་ས་མཐོའི་ནགས་རིའི་ལྷན་སྐྱེས་ཀྱི་ཆུ་ལུད་དྲོད་གཤེར་གྱིས་སྐྱོང་བཞིན་ཡོད། སྤོ་བོ་རྫོང་གི་ནགས་སའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི་59.69ཟིན་པ་དང་། དེ་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཅིག་རེད་ལ་མང་ཚོགས་ཀྱིས་མིག་མཐོང་ལག་ཟིན་ཐུབ་པའི་འབབ་ཁུངས་ཞིག་ཀྱང་རེད།

    སྤོ་བོ་འདི་ཉིད་གཉན་ཆེན་ཐང་ལྷའི་རི་རྒྱུད་དང་ཧི་མ་ལ་ཡའི་ཤར་རྒྱུད་འདྲེས་མཚམས་སུ་གནས་པ་དང་། ནགས་ཚལ་ཁེབས་ཚད་35.5%ཟིན་ནས་ས་མཐོའི་ཁོར་ཡུག་ཁམས་གཙང་དེས་ནགས་ཁྲོད་ཐོན་ཁུངས་ཕུན་སུམ་ཚོགས་སུ་ཕྱིན་ཡོད། དུས་ཡུན་རིང་པོར་གདོད་མའི་སྐྱེ་ཁམས་སྲུང་སྐྱོང་གི་རྨང་གཞིའི་ཐོག་ནགས་ཁྲོད་ཐོན་ཁུངས་གང་འགབ་ཅི་སྤྱོད་དང་མང་ཚོགས་ལ་འབབ་འཕར་ལ་སྐུལ་ཁྲིད་ཇི་ལྟར་བྱ་རྒྱུ་དེ་ས་གནས་འཕེལ་རྒྱས་གཏོང་བའི་འགག་རྩའི་ཞིབ་འཇུག་བྱ་གཞིར་གྱུར་ཡོད།

    རི་སྔོན་ཆུ་དྭངས་སྲུང་སྐྱོང་ཡག་པོ་བྱས་ཏེ་ནགས་ཁྲོད་ཀྱི་ས་རྒྱུར་བརྟེན་ནས་ཕྱུག་འགྱུར་གྱི་རེ་བ་གསར་པ་བཏོད་པ།

    ལམ་ལུགས་ལ་བརྟེན་ཚེ་འཕེལ་རྒྱས་གཏོང་བར་གཞི་ནས་གདེང་ཚོད་འོང་ཐུབ། སྤོ་བོ་རྫོང་གིས་མཉམ་སྡེབ་ནགས་ས་མུའུ་ཁྲི་1.05ཡི་བདག་དབང་གཏན་འཁེལ་ཐོ་འགོད་བྱས་ནས་ནགས་སའི“དབང་ཆ་གསུམ་ལོགས་དབྱེའི”སྒྱུར་བཅོས་དོན་འཁྱོལ་བྱས་པས། མང་ཚོགས་ནགས་རི་སྲུང་མཁན་དུ་གྱུར་པ་མ་ཟད། ནགས་ཁྲོད་ཐོན་ལས་ཀྱི་ཐད་ཀའི་ཕན་པ་ཐོབ་མཁན་དུའང་གྱུར་ནས་འབབ་འཕར་ཕྱུག་འགྱུར་ཡོང་བའི་སེམས་ཤུགས་འཕེལ་ཡོད།

    ཁྲབ་རྨོག་གྲོང་རྡལ་འདོང་རོ་གྲོང་ཚོའི་ཡུལ་མི་ཚེ་རིང་གི་ཁྱིམ་དུ་བེད་མེད་དུ་ལུས་པའི་ནགས་ས་མུའུ་3ཡོད། དེ་སྔ་ཁོང་གིས་རི་སྐྱེས་ཤ་མོ་བཏུས་ནས་འཚོ་བ་འཕྱིད་ཐབས་བྱེད་ཀྱི་ཡོད། ནགས་ས་བརྒྱུད་བཤུག་བཏང་ནས་མཉམ་ལས་ཁང་དུ་ཞུགས་རྗེས། ཁོང་གིས་ཁེ་ལས་ནས་ར་མོ་ཤག་ཆེན་འདེབས་སྟངས་ཆ་ཚང་སྦྱངས་ཤིང་། “ཤིང་གཅོད་པ་དང་ཞིང་སྨན་རྒྱག་པ་སོགས་བྱས་ནས་རི་དང་ནགས་ཚལ་གྱི་སྔར་ཡོད་རྣམ་པར་གཏོར་སྐྱོན་གཏོང་བའི་ལས་ཀ་བྱེད་མི་དགོས་པར་རང་ཁྱིམ་གྱི་སྒོ་རྩར་ར་མོ་ཤག་ཆེན་བཏབ་པར་ན་ནིང་ཁོ་ནར་ཡོང་འབབ་སྒོར་ཁྲི་ཁ་ཤས་བྱུང”ཞེས་ཚེ་རིང་གིས་བཤད། ཁོང་གིས་ར་མོ་ཤག་ཆེན་བཙོངས་པའི་ཡོང་འབབ་ཀྱིས་བོད་བཟོའི་ཁང་གསར་སྒོ་ར་ཅན་ཞིག་བརྒྱབ་པ་མ་ཟད། ཕྲུ་གུར་སློབ་ཡོན་སྤྲད་དེ་དགའ་མོས་འཛིན་གྲྭར་ཡང་བཏང་ཐུབ་པས་འཚོ་བ་སྔར་བས་སྐྱིད་དུ་སོང་ཡོད།

    སོན་བཟང་འདེམས་གསོ་བྱས་ནས་ར་མོ་ཤག་ཆེན་སྤུས་ལེགས་སྐྱེ་ཐབས་བྱས་པ།

    སོན་བཟང་འདེམས་གསོ་བྱེད་པ་ནི་ར་མོ་ཤག་ཆེན་གྱི་ཐོན་ལས་འཕེལ་རྒྱས་བརྟན་པོའི་ཡོང་བའི་རྨང་གཞི་ཡིན། སྤོ་བོ་རྫོང་གིས་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་དང་ནགས་ལས་ཚན་ཞིབ་ཁང་མཉམ་དུ་རི་སྐྱེས་ར་མོ་ཤག་ཆེན་གྱི་སོན་བཟང་ཐོན་ཁུངས་ཡོངས་བཤེར་དང་། འདེམས་གསོ། གཡོག་བྱེད་བཅས་བྱས་ཏེ། ར་མོ་ཤག་ཆེན་གྱི་སོན་བཟང་ཐོན་ཁུངས་གཞི་རྒྱུའི་མཛོད་བསྐྲུན་ནས་སོན་བཟང་སྣ་ཁ202བསྡུ་ཉར་བྱས་ཐོག ས་མཐོའི་ནགས་ཁྲོད་ཁོར་ཡུག་དང་འཚམས་པའི་སོན་བཟང་འདེམས་གསོ་བྱས་ནས་ཐོན་ལས་ཀྱི་རྨང་གཞི་འབྱུང་རྩ་ནས་བརྟན་དུ་བཏང་ཡོད།

    མིག་སྔར་རྫོང་ཡོངས་སུ་མི་ཐབས་ལ་བརྟེན་ནས་འདེབས་པའི་ནགས་ཁྲོད་ར་མོ་ཤག་ཆེན་འདེབས་ཁྱོན་མུའུ་2900ཟིན་པ་དང་། ཚད་ལྡན་ཅན་གྱི་རྟེན་གཞིར་ཐོན་ལས་འཕེལ་རྒྱས་བྱུང་བ་དང་སྦྲགས་གདོད་མའི་ནགས་ཚལ་ཡང་སྲུང་སྐྱོང་ཐུབ་པའི་སྐྱེ་ཁམས་ཀྱི་འཁོར་རྒྱུག་བཟང་པོ་ཆགས་ཐབས་བྱས་ཡོད།

    ཞིང་ལས་དང་མཉམ་འབྲེལ་བྱེད་སྟངས་གསར་གཏོད་བྱས་ཏེ་ར་མོ་ཤག་ཆེན་ལ་བརྟེན་ནས་མང་ཚོགས་ལ་འབབ་འཕར་ཡོང་བ་དང་ཐོན་ལས་སྟོབས་ཆེར་བཏང་བ།

    ཐོན་ལས་འཕེལ་རྒྱས་བཏང་མཐར་དམངས་ཕྱུག་འབབ་འཕར་བྱུང་ཡོད། སྤོ་བོ་རྫོང་གིས་ཁེ་ལས་དང་། རྟེན་གཞི། ཞིང་དུད། མཉམ་སྡེབ་བཅས་ཟུང་དུ་འབྲེལ་བའི་འཕེལ་རྒྱས་གཏོང་སྟངས་གསར་གཏོད་དང་ཁྱབ་གདལ་བཏང་ནས་བོད་ཀྱི་ར་མོ་ཤག་ཆེན་ཐོན་ལས་འཁོར་འབྲེལ་གྱི་ཏང་ཨུད་དང་། ཐོན་ལས་ཅན་གྱི་མཉམ་འབྲེལ་སྒྲིག་གཞི། ལས་རིགས་མཐུན་ཚོགས་བཅས་བཙུགས་ཏེ“གཅིག་གྱུར་ལྔ་དང་ཐ་སྐྱོང་གཅིག”གི་རོགས་སྐྱོར་ལམ་སྲོལ་དོན་འཁྱོལ་བྱས་པ་སྟེ། འདེབས་འཛུགས་དང་། གསོ་སྦྱོང་། མཛུབ་ཁྲིད། རྒྱུ་ཆ་མཁོ་འདོན། ལས་སྣོན། མ་མཐའི་རིན་གོང་འགན་ལེན་བཅས་གཅིག་གྱུར་བཟོ་བའི་སྒོ་ནས་ར་མོ་ཤག་ཆེན་ཚུར་བསྡུ་བྱས་པས། ཞིང་དུད་ལ་སོན་བཟང་དང་། ལག་རྩལ། ཚོང་ལམ་བཅས་དཀོན་པའི་དཀའ་ངལ་རྦད་དེ་ཐག་གཅོད་ཐུབ་ཡོད།

    ར་མོ་ཤག་ཆེན་ཐོན་ལས་དེ་རྫོང་གི་ཤང་དང་གྲོང་རྡལ7གྱི་སྲིད་འཛིན་གྲོང་ཚོ་36ལ་ཁྱབ་ནས་མང་ཚོགས་དུད་ཚང་500ལྷག་ཙམ་ལ་འབབ་འཕར་བརྟན་པོ་ཡོང་བར་སྐུལ་ཁྲིད་ཐུབ་ཡོད། 2025ལོར་ཐད་ཀར་ཕྱིར་འཚོང་ནང་ཞུགས་མཁན་ཞིང་དུད་ལ་ཡོང་འབབ་སྒོར་ཁྲི་600ལྷག་ཙམ་བྱུང་ནས་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་ལྷག་ཙམ་ཟིན་ཡོད།

    སྔོན་ཆད་ཡུལ་མི་པ་སངས་ཀྱིས་ཕྱིར་གླ་པར་རྒྱུགས་ནས་འཚོ་བ་སྐྱེལ་གྱི་ཡོད་པས་ཡོང་འབབ་ཉུང་ལ་བརྟན་པོ་མེད་མོད། ར་མོ་ཤག་ཆེན་འདེབས་འཛུགས་མཉམ་ལས་ཁང་དུ་ཞུགས་རྗེས། ཁོང་གིས་ནགས་ཚལ་མུའུ་2ཀྱི་ས་ཆ་འགན་གཙང་བླངས་པས་ཕྱིར་གླ་པར་སྐྱོད་མི་དགོས་པར་སྒོ་རྩ་ནས་ཡོང་འབབ་བརྟན་པོ་བྱུང་ཡོད།

    ཐོན་ལས་གསུམ་མཉམ་འདྲེས་ཀྱིས་སྤུས་ཀ་ལེགས་སུ་བཏང་སྟེ་ས་གཤིས་མཚོན་རྟགས་ཡིན་པའི་ར་མོ་ཤག་ཆེན་ས་མཐོ་ནས་ཁྲོམ་རར་བཏོན་པ།

    སྤོ་བོ་རྫོང་གིས་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས་ར་མོ་ཤག་ཆེན་ཐོན་ལས་ཀྱི་ཟུར་སྣོན་རིན་ཐང་རྒྱུན་མཐུད་ཆེ་རུ་བཏང་ཞིང་། ཐོན་ལས་དང་པོའི་རྨང་གཞི་བརྟན་དུ་བཏང་སྟེ་མི་ཐབས་ལ་བརྟེན་ནས་འདེབས་པའི་ནགས་ཁྲོད་ར་མོ་ཤག་ཆེན་དཔེ་སྟོན་རྟེན་གཞི་2བསྐྲུན་པས། 2025ལོར་རྫོང་ཡོངས་ཀྱི་ར་མོ་ཤག་ཆེན་གྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི་3000ཟིན་ནས་ཐོན་ལས་ཀྱི་གཞི་ཁྱོན་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། ཐོན་ལས་གཉིས་པའི་ལས་སྣོན་སྟོབས་ཆེར་གཏོང་བ་དང་། ཚད་ལྡན་ཅན་གྱི་ལས་སྣོན་ཞིབ་ཚགས་བཟོ་ཁང་བསྐྲུན་ཏེ་ར་མོ་ཤག་ཆེན་ལེབ་མོ་དང་ཕྱེ་མ་དང་། ར་མོ་ཤག་ཆེན་ཨ་རག ལུས་གསོའི་ཇ་སོགས་ཐོན་རྫས་སྣ་ཁ་15གསར་སྤེལ་བྱས་ནས “སྤོ་བོའི་ར་མོ་ཤག་ཆེན”རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཀྱི་སྤུས་རྟགས་བཏོད་ཡོད། ཐོན་ལས་གསུམ་གྱི་ལས་རྣམ་ལེགས་སུ་བཏང་ནས་ར་མོ་ཤག་ཆེན་ལྟ་སྐོར་འདེབས་འཛུགས་གླིང་དང་བོད་ལུགས་དང་ཀྲུང་ལུགས་གསོ་རིག་གི་ལུས་གསོའི་རྟེན་གཞི་བཙུགས་པ་མ་ཟད། འདེབས་འཛུགས་ཉམས་ལེན་དང་། སྐྱེ་ཁམས་ཚན་རིག་ཁྱབ་གདལ། ལུས་གསོའི་སྤྲོ་གསེང་རྣམ་གྲངས་ལག་ལེན་བསྟར་ནས་གྲོང་གསེབ་ཀྱི་ཡུལ་སྐོར་དང་དྲ་ཚོང་མཉམ་འགུལ་གྱིས་ཚོང་ལམ་རྒྱ་ཆེར་བཏང་ཡོད།

    ཉམས་སད་ཐེག་ཐུབ་པའི་སྤུས་ཚད་དང་ཆ་ཚང་བའི་ཐོན་ལས་འཁོར་འབྲེལ་ལས་སྤོ་བོའི་ར་མོ་ཤག་ཆེན་ལ་གཟི་བརྗིད་མཚན་སྙན་མང་པོ་ཐོབ་པ་སྟེ། 2025ལོར་ཀྲུང་གོའི་ས་གཤིས་མཚོན་རྟགས་ཀྱི་ཀྲུང་ལུགས་སྨན་རྒྱུ་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་རབ་གྲས་བརྒྱའི་ནང་ཚུད་པ་དང་། རྒྱལ་ཁབ་ཀྱི་དེང་རབས་འདེབས་འཛུགས་ལས་རིགས་ཚད་ལྡན་ཅན་གྱི་དཔེ་སྟོན་ཁུལ་གྱི་ཆོག་མཆན་ཐོབ་པ། འབྲེལ་ཡོད་ཐོན་ལས་ཀྱིས་མཐུན་རྐྱེན་སྦྱོར་བའི་ཞིབ་འཇུག་བྱ་གཞི་རྒྱལ་ཡོངས་ཀྱི་ཐོན་ལས་ཆེན་པོ་བཅུའི་རྒྱལ་ཁབ་དར་རྒྱས་ཀྱི་སྤུས་ལེགས་དཔེ་མཚོན་ནང་ཚུད་ཡོད།

    ཅུང་ཁྱབ་ཆུང་བའི་ནགས་ཁྲོད་སྨན་རྒྱུ་འདེབས་པ་ནས་ཁྱིམ་ཚང་ཁྲི་སྟོང་མང་པོར་འབབ་འཕར་བྱུང་བའི་བར། སྤོ་བོའི་ར་མོ་ཤག་ཆེན་ཐོན་ལས་ནི་བོད་ཀྱིས་སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།