ཞིང་ནང་སྙེ་མའི་མགོ་ལྕོག་ལྡེམ། ཞིང་པས་ལོ་ཏོག་བསྡུ་ལ་བྲེལ།
ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཤེལ་གྲོང་གྲོང་ཚོའི་སྟོན་བསྡུའི་ཡུལ་དངོས་ཀྱི་མཐོང་ཐོས།

འདི་ནི་ཡུལ་མིས་སྟོན་བསྡུའི་སྐབས་སུ་ཕན་ཚུན་རོགས་རམ་བྱས་ནས་བཙས་མ་རྔ་བཞིན་པ།
ཟླ་8པའི་ས་མཐོའི་ཡུལ་གྲུར། ཞོགས་པ་སྔ་མོ་ནས་དྲོད་འཇམ་ཉི་འོད་འཛིན་མའི་ཁྱོན་ལ་ཁྱབ་སྟེ་ཞིང་ནང་གི་ཟིལ་པ་བསྐམས་པ་དང་། ནས་ཀྱི་སྙེ་མ་འབྲས་བུའི་ཁུར་གྱིས་དུད་དེ་གང་སར་སེར་ལམ་ལམ་བྱེད་ལ། ཆུ་ཤུར་རྫོང་ཚལ་སྣེ་ཤང་ཤེལ་གྲོང་གྲོང་ཚོའི་མུའུ་1250ཟིན་པའི་ནས་ཞིང་ཡོངས་སུ་སྨིན་འདུག
བརྔ་བསྡུའི་འཕྲུལ་འཁོར་ལྡིར་སྒྲ་གྲགས་བཞིན་ཞིང་ནང་དུ་བསྐྱོད་པ་དང་། ལོ་60ལ་སླེབས་པའི་བག་གྲོ་ནི་ཤེལ་གྲོང་གྲོང་ཚོའི་ཚོགས་ཆུང་6པའི་ཡུལ་མི་ཡིན་པ་དང་ད་ཆ་ཁྱིམ་གྱི་ནས་ཞིང་མུའུ་17ཡོངས་སུ་སྨིན། བརྔ་བསྡུའི་འཕྲུལ་འཁོར་ནི་གྲོང་ཚོ་ཨུ་ལྷན་གྱིས་རིན་པ་མི་དགོས་པར་མངགས་པ་དང་ཚོགས་ཆུང་ཁག་དང་དུད་ཚང་ཁག་གི་ནས་སྨིན་པའི་གོ་རིམ་ལྟར་བང་བསྒྲིགས་ནས་བཙས་མ་རྔ་བཞིན་ཡོད་ལ། དུད་ཚང་སུ་ཞིག་གི་ནས་སྔོན་ལ་སྨིན་ཚེ་ཡུལ་མི་ཚང་མ་དེ་གར་བཙས་མ་རྔ་རོགས་བྱེད་པར་ཡོང་གི་ཡོད་པ་རེད།
དེ་རིང་སྔ་དྲོར་བག་གྲོའི་ཁྱིམ་གྱི་ཞིང་ཁར་སླེབས་འདུག
བག་གྲོའི་ཁྱིམ་གྱི་ནས་ཞིང་དུ་རང་ཁྱིམ་གྱི་ངལ་རྩོལ་པ་5ཡོད་པ་ཕུད། རོགས་རམ་བྱེད་པར་ཡོང་མཁན་ཡུལ་མི་ཚོས་ཀྱང་སྔ་ས་ནས་ཞིང་ཁའི་འགྲམ་དུ་བསྒུགས་ནས་བསྡད་ཡོད། བརྔ་བསྡུའི་འཕྲུལ་འཁོར་གྱིས་ཞིང་ནང་དུ་བཙས་མ་རྔ་སྐབས་ཚང་མས་ལས་བགོས་ལྟར་རང་སར་ལས་ཀ་བྱེད་པ་དང་།
དེ་ཡང་ལ་ལས་ཟོར་བ་བཟུང་ནས་འཕྲུལ་འཁོར་གྱི་རྗེས་སུ་འབྲངས་ཏེ་ཟུར་ལུས་བཙས་མ་འབྲེག་པ་དང་། ལ་ལས་མར་བསྒུར་ནས་འཕྲུལ་འཁོར་ནས་ཟགས་པའི་སྙེ་མ་སྒྲུག་བཞིན་མཆིས།
བག་གྲོས་ནས་ཀྱི་སྙེ་མ་གཅིག་ལག་ཏུ་འཕུར་འཕུར་བཏང་སྟེ་སྙེ་ཤུན་བཤུས་ཏེ་ནས་རྡོག་དག་ཁ་ནང་བླུགས་ནས་བྲོ་བ་མྱངས་ཏེ་མགོ་བོ་ལྕོག་ལྕོག་བྱེད་བཞིན་དུ“ནས་རྡོག་ཧ་ཅང་ཆེན་པོ་འདུག”ཅེས་གདོང་ལ་སྐྱིད་པའི་འཛུམ་གྱིས་ཁེངས་བཞིན་བཤད།
ས་ཞིང་མུའུ་17སྔ་དྲོ་གཅིག་གི་རིང་ལ་བརྔས་ཚར་བ་དང་སྔོན་དཔག་ལྟར་ན་ནས་ཐོན་འབབ་རྒྱ་མ་5000ཟིན་རྒྱུ་རེད།
ཁྱིམ་མཚེས་ཚེ་རིང་སྒྲོལ་མ་མར་བསྒུར་ནས་སྙེ་མ་ཆུན་པོ་གཅིག་བསྒྲུགས་ཏེ་སྐད་ཤུགས་ཆུང་ངུས“ཞིང་ནང་དུ་ཟགས་པ་ཚང་མ་འབྲུ་རིགས་ཡིན་པས་འབྲུ་རྡོག་གཅིག་ཀྱང་འཕྲོ་བརླག་གཏོང་མི་རུང”ཞེས་བཤད།
ཤེལ་གྲོང་གྲོང་ཚོར་བཅའ་སྡོད་ལྷ་ས་གྲོང་ཁྱེར་ཆུ་བེད་ཅུས་ཀྱི་ལས་དོན་རུ་ཁག་གི་འགན་འཁུར་བ་ཞའོ་ཐུང་ཡང་རོགས་རམ་བྱེད་མཁན་མི་ཚོགས་ཀྱི་ནང་ཡོད་ཅིང་། ཁོང་གིས་ཡུལ་མི་ཚོ་དང་མཉམ་དུ་སོག་མ་ཆག་པ་རྒྱག་ཞོར་འབྲུ་རིགས་སྣོད་ནང་བླུགས་པར་བཀོད་སྒྲིག་ཀྱང་བྱེད་ཀྱི་ཡོད།
ས་ཞིང་དུ་ལས་བྲེལ་ཆེ་ལ་གོ་རིམ་ལྡན་པའི་སྟོན་བསྡུའི་རྣམ་པ་མཐོང་སྐབས། ཁོང་གིས“ཤེལ་གྲོང་གྲོང་ཚོར་ཕན་ཚུན་རོགས་རམ་བྱེད་པའི་སྲོལ་རྒྱུན་ཡོད། ཁྱིམ་ཚང་གཅིག་ལ་ལས་ཀ་ཡོད་ན་གྲོང་ཚོ་ཡོངས་ཀྱིས་རོགས་པ་བྱེད་ཀྱི་རེད། སྲོལ་བཟང་དེ་ལས་ཐོན་སྐྱེད་ཀྱི་མ་གནས་ཆུང་དུ་ཕྱིན་པ་དང་བཙས་མ་བརྔ་བའི་ལས་ཕྱོད་ཀྱང་ཆེ་རུ་སོང་བ་མ་ཟད། ཁྱིམ་མཚེས་དབར་ཉིན་རེ་བཞིན་ཕན་ཚུན་ལྟ་སྐྱོང་ཁྲོད་གྲོང་གསེབ་བཅོས་སྐྱོང་གི་རྨང་གཞི་དེ་བས་བརྟན་དུ་ཕྱིན་ཡོད”ཅེས་བཤད།
འབྲེལ་ཡོད་གསར་འགྱུར།