འོང་སྐོར་ལ་དགའ་བས་རོལ། ལོ་ལེགས་ཀྱི་འབྲས་བཟང་བསུས།
ལྷ་སས་སྲོལ་རྒྱུན་དམངས་སྲོལ་བྱེད་སྒོ་སྤེལ་ནས་གྲོང་གསེབ་དར་རྒྱས་ཀྱི་གསོན་ཤུགས་གསར་པ་འཕེལ་བར་བྱས་པ།
སྟོན་ཟླ་ར་བར། ལྷ་སའི་སྐྱིད་ཆུའི་གཞུང་གི་ཡངས་པའི་ཞིང་ཐང་དུ་སྙེ་མའི་མགོ་ལྕོག་ལྡེམ་ལྡེམ་གྱིས་ལོ་ལེགས་ཀྱི་རྣམ་པ་ཟབ་མོས་འཕྱུར་བཞིན་མཆིས། ཉིན་ཤས་བསྟུད་མར། ལྷ་ས་གྲོང་ཁྱེར་གྱི་ཤང་དང་གྲོང་རྡལ་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་འོང་སྐོར་གཏོང་འགོ་ཚུགས་ཡོད།
འོང་སྐོར་ནི་མཚོ་བོད་ས་མཐོའི་ཞིང་ཁུལ་དུ་ལོ་ངོ་སྟོང་ཕྲག་རྒྱུན་འཛིན་བྱས་པའི་ཞིང་ལས་ཀྱི་མཛད་སྒོ་གཟབ་རྒྱས་ཤིག་ཡིན་པ་དང་། ཉིན་དེར་འོང་ཞིང་གི་མཐའ་ནས་བསྐོར་ཏེ་རྟེན་འབྲེལ་དགའ་སྟོན་དང་། གླུ་ལེན་གར་འཁྲབ། རིག་རྩལ་འགྲན་བསྡུར་སོགས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་འབྲུ་རིགས་སྣ་ལྔ་ལོ་ལེགས་བྱུང་བའི་རྟེན་འབྲེལ་དང་སང་ལོར་ལོ་ལེགས་ཀྱི་སྨོན་ལམ་འདེབས་ཀྱི་ཡོད། དུས་རབས་གསར་པར་གནའ་བོའི་དུས་ཆེན་དེར་དུས་རབས་ཀྱི་ནང་དོན་གསར་པ་བསྣན་ནས་བཀྲ་ཤིས་དགའ་སྟོན་ལ་རོལ་ཏེ་ཐོན་ལས་དར་རྒྱས་དང་བདེ་སྡོད་ལས་བརྩོན་གྱི་ས་མཐོའི་གྲོང་གསེབ་ཀྱི་རྣམ་པ་གསར་པ་ཞིག་མངོན་བཞིན་ཡོད།
ལྷུན་གྲུབ་རྫོང་གི་ཤང་དང་གྲོང་རྡལ་ཁག་ཏུ་དམངས་སྲོལ་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་ལོ་ངོ་སྟོང་གི་དམངས་སྲོལ་ལས་གསོན་ཉམས་དོད་པའི་རྣམ་པ་ཞིག་མངོན་ཡོད། ལྕང་ར་ཤར་ཤང་བརྒྱ་གྲོང་གྲོང་ཚོའི་རྟ་པ་ཚོས་གཟབ་མཆོར་སྤྲས་ནས་ཞིང་ནང་དུ་རྟ་རྒྱུག་བཏང་ཞིང་། རྟ་རྩལ་བདེ་ཅག་འཁྱུག་ལ་བྱང་ཆུབ་པོ་ཡོད། ཐང་མགོ་གྲོང་རྡལ་བཅོམ་མདོ་གྲོང་ཚོའི་གཡག་རྒྱུག་འགྲན་བསྡུར་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་འགོ་ཚུགས་པས་ས་ཡུལ་དངོས་ལ་དགོད་སྒྲས་ཁེངས། བྱང་ཁ་གྲོང་རྡལ་གྱིས་སྲོལ་རྒྱུན་གྱི་རྟ་རྒྱུག་དང་མངོན་མིན་རིག་གནས་ཤུལ་བཞག་གི་གླུ་ལེན་གར་འཁྲབ་སོགས་ཁྱད་ལྡན་བྱེད་སྒོ་ཅིག་ཅར་དུ་སྤེལ་ནས་ངོ་མཚར་ལེ་ཚན་སྣ་མང་འཁྲབ་སྟོན་བྱས་པས་ལྟད་མོ་བས་ཁེངས་ཡོད།
འགྲན་རའི་མཐའ་འཁོར་དུ་སྦྲ་གུར་གྱིས་ཁེངས་ཤིང་། ཇ་དང་ཟས་མཆོག་གི་དྲི་ཞིམ་གང་སར་འཐུལ་བཞིན་ཡོད། ལུས་ལ་གཟབ་མཆོར་སྤྲས་པའི་ཡུལ་མི་ཚོ་དགའ་སྤྲོའི་ངང་མཉམ་དུ་འཛོམས་ཡོད་ལ། བྱིས་པ་ཚོ་ཞིམ་ཟས་ལ་ལོངས་སྤྱོད་དང་རྩེད་འཇོར་རོལ་བཞིན་མཆིས།
ཞོགས་པར། སྙེ་མོ་རྫོང་དར་རོང་གྲོང་རྡལ་དར་རོང་གྲོང་ཚོའི་མང་ཚོགས་ཀྱིས་དུས་ཆེན་གྱི་གཟབ་མཆོར་སྤྲས་ཏེ་འོང་སྐོར་དུ་བསྐྱོད་པ་དང་། བཀྲ་ཤིས་པའི་རྣམ་པའི་ཁྲོད་དམངས་ཕན་གྱི་སྲིད་ཇུས་བཟང་པོར་དྲིན་ཚོར་བྱས་པ་དང་ཆར་ཆུ་དུས་ལ་འབབ་ཅིང་ལོ་ལེགས་ཡོང་བའི་སྨོན་འདུན་ཞུས་པ་རེད།
ལོ་65ལ་སླེབས་པའི་ཨ་མ་སྒྲོལ་མས“ཏང་གི་ཞིང་ཕན་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བས་མི་སེར་གྱི་འཚོ་བ་བདེ་ཞིང་སྐྱིད་པ་འདུག”ཅེས་སེམས་འགུལ་ཐེབས་བཞིན་བཤད།
གཞི་རིམ་གྱི་སྒྲོག་འགྲེལ་པ་ཡང་ཞིང་ནང་མུ་ཁར་བསྐྱོད་དེ་གོ་བདེ་ཤེས་སླའི་སྐད་ཆའི་ལམ་ནས་མང་ཚོགས་ལ་ཞིང་ཕན་རོགས་སྐྱོར་དང་། མི་རིགས་མཐུན་སྒྲིལ། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་འབྲེལ་ཡོད་སྲིད་ཇུས་འགྲེལ་བཤད་བརྒྱབ་སྟེ་མི་རིགས་ཁག་གི་མང་ཚོགས་ལ་ཐོག་མཐའ་བར་གསུམ་དུ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་ཡོད། ཡུལ་མི་ཚོས་གླུ་ལེན་གར་འཁྲབ་དང་། ནས་ཆང་བཀྱག་རེས། ཁྱད་ལྡན་ཞིམ་ཟས་མཉམ་སྤྱོད་བཅས་ཀྱི་ཁྲོད་དུ་ཚང་མ་དགའ་སྤྲོས་མྱོས་པས་གང་ས་གང་ལ་བཀྲ་ཤིས་པའི་རྣམ་པས་ཁེངས།
ས་གནས་ཁག་གིས་དམངས་སྲོལ་བྱེད་སྒོ་དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་མཉམ་འདྲེས་གཏིང་ཟབ་བྱས་པས། ཞིང་འབྲོག་པའི་བསམ་པའི་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། ཏང་ཡོན་དང་མང་ཚོགས་དང་། ལས་བྱེད་པ་དང་མང་ཚོགས་དབར་གྱི་སེམས་པ་གཅིག་ཏུ་སྦྲེལ་ཐུབ་ནས་མཛེས་མཐུན་གྲོང་ཚོ་མཉམ་སྐྲུན་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་ཡོད།
མལ་གྲོ་གུང་དཀར་རྫོང་རྩ་ཞོལ་ཤང་མཐའ་རྒྱས་གྲོང་ཚོར་ཡུལ་མིའི་ལུས་ལ་བོད་ཆས་སྤུས་ལེགས་གྱོན་པ་དང་ལག་ཏུ་ནས་ཆང་དང་ཇ་བསྲུབས་མ། ཚགས་ཤ་དང་ཁྱད་ལྡན་ཏན་ཞིམ་སྣ་ཚོགས་ཁྱེར་ནས་མཉམ་འཛོམས་ཀྱིས་ལོ་ལེགས་ལ་རྟེན་འབྲེལ་ཞུ་བཞིན་ཡོད།
གྲོང་གསེབ་ཀྱི་འཕོ་འགྱུར་སྐོར་གླེང་སྐབས་ཡུལ་མི་པ་སངས་ཀྱིས“སྔོན་ཆད་ཀྱི་འཚོ་བའི་ཆ་རྐྱེན་ད་ལྟ་ནང་བཞིན་གྲ་རྒྱས་པོ་མེད། ད་ཆ་འབྲོག་པ་ཚང་མས་དུས་ཆེན་སྐབས་སྤུས་ལེགས་ཀྱི་གུར་ནང་བསྡད་ནས་ཕུན་སུམ་ཚོགས་པའི་རིག་རྩལ་བྱེད་སྒོར་མྱོང་རོལ་བྱེད་པ་དང་། རྣམ་ཀུན་ཁྱིམ་ཚང་ཚང་མ་རྒྱ་ཆེ་ལ་དཀར་ཆ་དོད་པའི་བོད་བཟོའི་སྡོད་ཁང་གསར་པར་བདེ་སྐྱིད་འཚོ་བར་རོལ་བཞིན་ཡོད”ཅེས་བཤད།
གྲོང་གསེབ་རྒྱུན་མཐུད་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་སྲོལ་རྒྱུན་གྱི་དམངས་སྲོལ་ལའང་སྐྱེ་སྟོབས་འབར་ཡོད། གཞོན་ནུ་མང་པོ་ཞིག་མ་སྐུལ་དང་བླངས་ཀྱིས་གར་སྟེགས་སུ་འཛེགས་པས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པའི་གསར་སྐྱེས་སྟོབས་ཤུགས་སུ་གྱུར་ཡོད། སྲོལ་རྒྱུན་གྱི་གླུ་ལེན་གར་འཁྲབ་བྱེད་པ་སོགས་སོར་འཇོག་བྱས་པའི་རྨང་གཞིའི་ཐོག་རྡོ་བཀྱག་དང་། ཐག་འཐེན། དེང་རབས་ཀྱི་གླུ་གར་འགྲན་བསྡུར་སོགས་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་སྒོ་ཡང་མང་དུ་བཏང་ནས་གནའ་བོའི་དམངས་སྲོལ་དེ་དེང་རབས་ཀྱི་སྲོལ་གསར་དང་མཉམ་འདྲེས་ཐུབ་པར་བྱས་ཡོད།
གཞོན་ནུའི་སྟོབས་ཤུགས་ཀྱིས་གྲོང་གསེབ་ལ་གསོན་ཤུགས་གསར་པ་སྣོན་བཞིན་ཡོད། ན་གཞོན་མི་ཉུང་བ་ཞིག་གིས་ལག་ཐོགས་ཁ་པར་ནས་ས་མཐོའི་མཛེས་ལྗོངས་དང་ཁྱད་ལྡན་དམངས་སྲོལ་ཐད་གཏོང་བྱེད་པ་དང་སྦྲགས་དྲ་ཐོག་ནས་ས་གནས་དེ་གའི་ཞིང་ལས་ཁྱད་ལྡན་ཐོན་རྫས་དང་རིག་གནས་ཡུལ་སྐོར་ཐོན་ཁུངས་འོས་སྦྱོར་བྱས་པས། དམངས་སྲོལ་གྱི་རྩ་བ་བསྲུངས་ཐུབ་ཡོད་ལ་གྲོང་གསེབ་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་ཡང་རྒྱ་ཆེར་ཕྱིན་ནས་རིག་གནས་རྒྱུན་འཛིན་དང་ཐོན་ལས་འཕེལ་རྒྱས་གཉིས་ཀར་ཕན་པ་ཐོབ་ཡོད།
ནུབ་ཁའི་མཚམས་སྤྲིན་འོག་གྲོ་སྙེའི་རྦ་རླབས་དྲག་ཏུ་འཕྱུར་ཞིང་། ཞིང་ཁ་ནས་གྲགས་པའི་གླུ་སྒྲ་དང་དགའ་འབོད་རྒྱང་ནས་རྒྱང་དུ་མཆེད། འཁྲུག་ཆ་དོད་པའི་དམངས་སྲོལ་བྱེད་སྒོ་རེ་རེ་ནི་ས་མཐོའི་བུ་ཕྲུག་གིས་ལོ་ལེགས་བྱུང་བར་བསྟོད་གླུ་ཕུལ་བའི་གླུ་དབྱངས་རེད་ལ། མི་རིགས་ཁག་གི་མང་ཚོགས་ཀྱིས་དུས་རབས་གསར་པའི་བདེ་སྐྱིད་འཚོ་བར་ཕུལ་བའི་མི་སེམས་འགུལ་བའི་བསྟོད་གླུ་ཞིག་ཀྱང་རེད།
འབྲེལ་ཡོད་གསར་འགྱུར།