《ཀ་ལ་གྲོང་ཚོའི་དགོད་སྒྲ》ཡི་རྩོམ་སྒྲིག་པ་དང་འཁྲབ་སྟོན་པ་ཡོན་ཏན་ནོར་བུ།
ཀོང་གཞས་སྙན་མོ་ས་ཕྱོགས་གང་སར་གྲགས།
“བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད”ཅེས་པའི་ཀོང་གཞས་སྙན་མོ་ལྷང་ལྷང་གྲགས།
2025ལོའི་ཟླ་8ཚེས་20ཉིན་གྱི་དགོང་མོར། བོད་ལྗོངས་ཟློས་གར་ཁང་ཆེན་དུ་གློག་འོད་ཆེམ་ཆེམ་འཕྲོ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་མཚན་ཚོགས《གངས་ལྗོངས་སྙན་དབྱངས》འདི་གར་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་ལྷན་དུ་འཁྲབ་སྟོན་ལ་གཟིགས་པ་རེད། 《ཀ་ལ་གྲོང་ཚོའི་དགོད་སྒྲ》ཞེས་པ་དེ་བདེ་སྐྱིད་ལྡན་པའི་བོད་ལྗོངས་གསར་པའི་མཛེས་སྡུག་མངོན་པའི་གཙོ་གནད་ལེ་ཚན་ལ་བརྩིས་ནས་འཁྲབ་སྟོན་བྱས་པ་རེད།
“‘སྐུ་ཉིད་སླར་ཡང་ངའི་ཕ་ཡུལ་དུ་ཕེབས་རྒྱུའི་རེ་བ་ཡོད། སེམས་དབུས་ནས་སྤྱི་ཁྱབ་ཧྲུའུ་ཅི་དྲན་བཞིན་ཡོད’ཅེས་པའི་གླུ་གཞས་ལེན་སྐབས་མིག་ཆུ་རང་དབང་མེད་པར་ཤོར་བྱུང་། སེམས་འགུལ་ཆེན་པོ་དེ་འདྲ་སྐད་ཆའི་ལམ་ནས་གཏན་ནས་མཚོན་ཐབས་མེད”ཅེས་ལོ་གཅིག་སོང་རྗེས་སྐབས་དེ་དུས་ཀྱི་རྣམ་པར་སླར་ཡང་དྲན་གསོ་བྱེད་སྐབས་ཡོན་ཏན་ནོར་བུས་མགྲིན་པ་རྣོང་བཞིན་དེ་ལྟར་བཤད། ཁོང་ལེ་ཚན་གྱི་རྩོམ་སྒྲིག་པ་དང་འཁྲབ་སྟོན་པ་གཅིག་ལྕོགས་ཡིན་པས་སུ་ཞིག་ལས་ཀྱང་གཞས་ཚིག་དེའི་ནང་དོན་ལ་རྒྱུས་མངའ་ཡོད། ཚིག་དེ་ནི་སེམས་དབུས་ནས་ཐོན་པའི་སྙིང་གཏམ་རང་རེད།
《ཀ་ལ་གྲོང་ཚོའི་དགོད་སྒྲ》ནི་དུས་ཡུན་ཟླ་ཤས་རིང་གསར་རྩོམ་བྱས་པ་ཞིག་ཡིན་ཞིང་། དེ་ནི་2025ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཁྲི་གྲོང་ཁྱེར་ཀ་ལ་གྲོང་ཚོའི་ཡུལ་མིར་སྤྲིངས་པའི་འཕྲིན་ལན་གྱི་དགོངས་དོན་གཙོ་རྐང་དུ་བྱས་ནས། ས་གནས་ཀྱི་དམངས་གཞས་ཀྱི་གཞི་རྒྱུ་དང་དེང་རབས་གར་སྟེགས་ཀྱི་འཁྲབ་སྟངས་ཟུང་འབྲེལ་བྱས་ཏེ། དུས་རབས་གསར་པའི་བོད་ཀྱི་ཞིང་འབྲོག་པའི་བདེ་སྐྱིད་འཚོ་བ་དང་དྲིན་ཚོར་གྱི་བརྩེ་སེམས་གསོན་ཉམས་དོད་པོས་མཚོན་པར་བྱས་པ་ཞིག་རེད།
མིག་སྔར《ཀ་ལ་གྲོང་ཚོའི་དགོད་སྒྲ》ཞེས་པར་ཐང་ཆེན་ཞབས་བྲོའི་པར་གཞི་དང་མཉམ་གཞས་ཀྱི་པར་གཞི་ཡོད་པ་དང་། བོད་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་དང་ཚན་པ་ཁག་ཚང་མས་ཞབས་བྲོ་འཁྲབ་པ་དང་གཞས་དེ་གཏོང་གི་ཡོད་ཅེས་ཡོན་ཏན་ནོར་བུས་བརྗོད་པ་དང་། ཁོང་གིས“གླུ་གཞས་འདི《གོས་བཀྲུའི་གླུ་གཞས》དང《གྲོང་གསར་སྐོར་བ》དང་འདྲ་བར་དུས་རབས་གསར་པའི་བོད་ཀྱི་ཉམས་བཟང་མངོན་པའི་གླུ་གཞས་རྩེ་གྲ་ཞིག་ཏུ་འགྱུར་བའི་རེ་བ་ཡོད”ཅེས་བཤད།
ད་ཆ་ས་སྲོས་འཆར་རིམ་བཞིན་བོད་ཀྱི་ས་གནས་ཁག་ཙམ་མ་ཟད། ཐ་ན་ཤིན་ཅང་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་ཐང་ཆེན་དུའང་རྣ་བར་སྙན་ལ་རྒྱུས་མངའ་ཆེ་བའི་འགྱུར་ཁུག་འདི་གྲགས་བཞིན་ཡོད། སྟབས་བདེའི་གཞས་གདངས་དེ་ཉིད་མི་ཡུལ་གྱི་དྲོ་སྐྱིད་དང་འགྲོགས་པ་དང་། ཞབས་བྲོའི་སྟངས་སྟབས་ལས་ངལ་དུབ་ཀྱིས་མནར་བའི་སེམས་ལ་བྱི་དོར་ཞིག་བྱེད་ངེས། མི་རྣམས་ཀྱིས་བཀའ་དྲིན་སེམས་ལ་འཆང་བཞིན་ཞབས་བྲོའི་སྟངས་སྟབས་ཁྲོད་ནས་བདེ་སྐྱིད་ཚོར་བ་དང་བདེ་སྐྱིད་བརྒྱུད་སྤྲོད་བྱེད་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།