དབུ་ཤོག>ཞིང་འབྲོག་གསར་པ།
  • ཀ་ལ་གྲོང་ཚོའི“བདེ་སྐྱིད་བྱ་གཞག”

    ཁམ་བུའི་མེ་ཏོག་རབ་ཏུ་བཞད་པ་ནས་འབྲས་བུ་ལྗིད་ཏིག་ཏིག་བཏགས་པའི་བར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-08-21

    འདི་ནི་ཉིང་ཁྲི་གྲོང་ཁྱེར་ཀ་ལ་གྲོང་ཚོའི་ཡུལ་མིས་རི་སྐྱེས་ཁམ་བུ་འཐུ་བཞིན་པ།

    སྟོན་འགོའི་ཀ་ལ་གྲོང་ཚོར་ཤིང་ཏོག་གི་དྲི་ཞིམ་གང་སར་འཐུལ། ཀ་ལ་གྲོང་ཚོར་སླེབས་སྐབས་འབྲས་བུ་བྱུར་བུར་བཏགས་པའི་ཁམ་སྡོང་གླིང་དུ་སྐྱིད་སྣང་ལྷག་པར་དོད། ཀ་ལ་གྲོང་ཚོའི་ཡུལ་མི་ཚོས་སླེ་པོ་ཁྱེར་ནས་ཁམ་སྡོང་འོག་ཏུ་ཁམ་བུ་འཐུ་བཞིན་གླུ་སྒྲ་དང་དགོད་སྒྲ་འབྲས་ཤིང་ལྡུམ་ར་ཡོངས་སུ་གྲགས། ཐག་མི་རིང་བའི་སར་ཡུག་གཅིག་ཏུ་འབྲེལ་བའི་ཉི་མ་མེ་ཏོག་རླུང་ཕྱོགས་དང་བསྟུན་ནས་དལ་བུར་གཡོ་བ་དང་། མང་ཚོགས་ཀྱིས་ལམ་དེ་ནས་བརྒྱུད་རིམ་བཞིན་དབང་མེད་དུ་འགྲོ་མཚམས་བཞག་ནས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་འདིར་དགའ་བས་རོལ།

    སྔོན་ཆད་རི་སྐྱེས་ཁམ་བུ་སྨིན་རྗེས་མང་ཆེ་བ་ས་ལ་ལྷུངས་ནས་རུལ་གྱི་ཡོད། ད་ལོ་ང་ཚོས་ཚོང་ལམ་སྔོན་ལ་འཚོལ་ཞིབ་དང་རང་འགུལ་ངང་ཁྲོམ་ར་དང་སྦྲེལ་མཐུད་བྱས་ཏེ། དེ་སྔའི་རི་སྐྱེས་ཁམ་བུ་དག་ཤིང་ཏོག་གི་ཁུ་བ་ལས་སྣོན་ཐོན་ལས་འཁོར་འབྲེལ་དུ་དྲངས་ནས། རི་སྐྱེས་ཁམ་བུར་ལས་སྣོན་ཞིབ་ཚགས་བྱས་པ་ཡིན”ཞེས་ཀ་ལ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཉི་མ་རྡོ་རྗེས་གསར་འགོད་པར་བརྗོད།

    “སྤྱི་ཁྱབ་ཧྲུའུ་ཅིས་མི་སེར་གྱི་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་བྱེད་དགོས། ང་ཚོས་ལོ་ཧྲིལ་པོར་ཁམ་བུའི་མེ་ཏོག་བཞད་རྒྱུ་ཁོ་ན་བསྒུགས་ནས་སྡོད་མི་རུང་ཞེས་གསུངས” ལོ་གཅིག་གོང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བའི་རྣམ་པ་དེ་ཉི་མ་རྡོ་རྗེའི་སེམས་ལ་ད་དུང་ཡང་གསལ་ལེར་དྲན་ནས་སེམས་འགུལ་ཚད་མེད་ཐེབས་བཞིན་ཡོད།

    ལོ་གཅིག་གི་རིང་། རི་སྐྱེས་ཁམ་བུར་ལས་སྣོན་དང་། ཤིང་འབྲས་སོས་པ། ཉི་མ་མེ་ཏོག་གི་ཡུལ་ལྗོངས། པད་ཁ་རེས་མོས་འདེབས་པ་བཅས་རྣམ་གྲངས་གསར་པ་རབ་དང་རིམ་པ་གཅིག་རྗེས་གཉིས་མཐུད་ངང་དོན་འཁྱོལ་བྱས་པ་རེད།

    ལྷ་མོ་གཡུ་སྒྲོན་གྱིས་གསར་འགོད་པར། འགྱུར་ལྡོག་དེ་ལས་ཀ་མང་དུ་སོང་བ་ཙམ་གྱིས་ཚད་ཀྱི་མེད། དེ་སྔོན་ཚང་མས་ཁམ་བུའི་མེ་ཏོག་ལ་གཡོག་བྱེད་བྱས་ཏེ་ཡུལ་སྐོར་བ་ཡོང་བར་བསྒུགས་ནས་སྡོད་ཀྱི་ཡོད། ད་ཆ་ཚང་མ་མཉམ་དུ་ཚོད་འདེབས་དང་ཐོན་ལས་འཛུགས་སྐྲུན་ནང་ཞུགས་པ་དང་། རི་རྒོད་དུ་མེ་ཏོག་བཞད་པ་དང་འབྲས་ཤིང་ལ་འབྲས་བུ་འདོགས་པ་དངོས་སུ་མཐོང་བ། ཚང་མ་གྲོང་ཚོར་འགྱུར་ལྡོག་གཏོང་བའི་ལས་དོན་ནང་ཚ་ཚ་འུར་འུར་ངང་ཞུགས་བཞིན་ཡོད་པས། ཕ་ཡུལ་ལ་འཆང་བའི་མོས་སེམས་ཀྱང་སྔར་བས་ཆེ་རུ་ཕྱིན་སོང་ཞེས་བརྗོད།

    ཁམ་བུའི་མེ་ཏོག་ལོ་ལྟར་རབ་ཏུ་བཞད་བཞིན་ཡོད་མོད། འོན་ཀྱང་ད་ཆའི་ཀ་ལ་གྲོང་ཚོར་ཁམ་བུའི་མེ་ཏོག་ཙམ་མིན་པར། དཔྱིད་དུས་སུ་མེ་ཏོག་གི་རྒྱ་མཚོར་ལྟ་བ་དང་དབྱར་གཞུང་དུ་ཤིང་འབྲས་སོས་པའི་བྲོ་བ་མྱོང་ཆོག་པས། ཞིང་ས་གཤིན་པོ་དེ་ནས་རབ་ཏུ་བཞད་པའི་ཁམ་བུའི་མེ་ཏོག་གི་ཡུལ་ལྗོངས་ལྷག་པར་མཛེས་པ་མ་ཟད། མི་སེར་གྱི་ཡོང་འབབ་ཀྱང་མང་དུ་སོང་ནས་འཚོ་བ་དེ་བས་སྐྱིད་དུ་སོང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།