དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • “ཁ་ཡོད་ལག་ཡོད་ཀྱིས་མང་ཚོགས་ཀྱི་སེམས་ཁྲལ་སེལ་དགོས”

    རིན་སྤུངས་རྫོང་བྱེ་བ་གྲོང་ཚོར་བཅའ་སྡོད་གཞིས་རྩེ་གྲོང་ཁྱེར་སྲིད་གྲོས་གཞུང་ལས་ཁང་གི་ལས་དོན་རུ་ཁག་གི་རུ་དཔོན་བསྟན་འཛིན་འཕྲིན་ལས་ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-18

    2025ལོར་གཞིས་རྩེ་གྲོང་ཁྱེར་སྲིད་གྲོས་གཞུང་ལས་ཁང་གི་ལས་བྱེད་པ་བསྟན་འཛིན་འཕྲིན་ལས་ཀྱིས་སླར་ཡང་གཞི་རིམ་དུ་བསྐྱོད་ནས་གྲོང་སྡོད་ལས་དོན་སྤེལ་རྒྱུའི་རེ་ཞུ་ཕུལ། ལོ་མང་སོང་རྗེས་སླར་ཡང་གྲོང་ཚོར་བཅའ་སྡོད་བྱེད་སྐབས་གཞི་རིམ་གྱི་ལས་ཀའི་ཚད་གཞི་དང་ནང་དོན་གསར་བརྗེས་བྱས་པས་གོ་སྐབས་དང་འགྲན་སློང་མཉམ་དུ་གནས་ཡོད། གཞི་རིམ་ལས་དོན་ལ་གུས་སྐྲག་གི་སེམས་པ་བཅངས་པ་དང་མང་ཚོགས་ལ་ལྷག་བསམ་རྣམ་དག་གིས་ཁོང་གིས་རེ་སྒུག་ཟབ་མོ་དང་གཟབ་ནན་ཆེན་པོས་་རིན་སྤུངས་རྫོང་བྱེ་བ་ཤང་བྱེ་བ་གྲོང་ཚོར་བསྐྱོད་དེ་དུས་ཡུན་ལོ་གཅིག་གི་གྲོང་སྡོད་ལས་དོན་སྤེལ་འགོ་ཚུགས་པ་རེད།

    ལོ་གཅིག་རིང་འབྲལ་མེད་མཉམ་གཤིབ་བྱས་པས་བསྟན་འཛིན་འཕྲིན་ལས་ས་ཆ་དེར་བརྩེ་བ་ཟབ་མོ་ཆགས་ཡོད། ད་ཆ་བྱེ་བ་གྲོང་ཚོའི་སྐོར་གླེང་སྐབས“བྱེ་བ་གྲོང་ཚོའི་ཁོར་ཡུག་མཛེས་པ་མ་ཟད། དམངས་སྲོལ་དེ་བས་བབ་ཆགས་ཤིང་དྲོ་སྐྱིད་ལྡན་པས་དེ་གར་ལས་ཀ་དང་འཚོ་བ་ལོ་གཅིག་བསྐྱལ་རྗེས་ངས་སྔ་ས་ནས་རང་ཉིད་བྱེ་བ་གྲོང་ཚོའི་ཁོངས་མི་ཞིག་ཏུ་བརྩི་གི་ཡོད”ཅེས་ཁོང་གིས་མཛའ་བརྩེ་ཟབ་མོས་བཤད། ཁོང་གིས་སྔ་ཕྱི་བར་གསུམ་དུ་དང་ཐོག་གྲོང་ཚོར་འབྱོར་སྐབས་ཀྱི་དྲོ་སྐྱིད་ལྡན་པའི་རྣམ་པ་དེ་དྲན་གྱི་ཡོད། རླངས་འཁོར་གྲོང་ལྷན་གྱི་སྒོ་འགྲམ་དུ་སླེབས་སྐབས་ཡུལ་མི་མང་པོ་ཞིག་གིས་ཁ་བཏགས་གཡོགས་ཤིང་། ཁོང་ཚོའི་འཛུམ་མདངས་འཕྱུར་བའི་ངོ་གདོང་ལས་ཐོག་མར་དེ་གར་སླེབས་སྐབས་ཀྱི་བློ་སེམས་མི་བདེ་བ་དང་ཆ་རྒྱུས་མེད་པའི་སྣང་བ་གློ་བུར་དུ་མེད་པར་གྱུར་ནས་གཞི་རིམ་དུ་གཞི་ཚུགས་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་ཡང་བརྟན་དུ་ཕྱིན་ཡོད།

    གྲོང་ཚོའི་གནས་ཚུལ་དང་དམངས་ཀྱི་འདོད་མཐུན་ཁོང་དུ་གནད་སྨིན་ཆུད་ཆེད། བསྟན་འཛིན་འཕྲིན་ལས་ཀྱིས་ལས་དོན་རུ་ཁག་གི་ཁོངས་མི་ཡོངས་ཀྱི་སྣེ་ཁྲིད་དེ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་བཅར་འདྲི་བྱས་ཏེ་ཡུལ་མི་དང་ཅི་འཕྲོས་མོལ་འཕྲོས་བྱེད་པ་དང་ཁོང་ཚོའི་རེ་འདུན་ཉན་གྱི་ཡོད། སུའི་ཁྱིམ་ཚང་གི་མི་འབོར་གྲུབ་ཚུལ་ཇི་འདྲ་ཡིན་པ་དང་། ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ཇི་འདྲ་ཡིན་པ། དཀའ་ངལ་གང་དག་ཡོད་པ་བཅས་ཚང་མ་ཁོང་གིས་འཁྱེར་བའི་ལས་ཀའི་ལག་དེབ་ནང་རེ་རེ་བཞིན་ཐོ་བཀོད་ཀྱི་ཡོད། བརྟག་ཞིབ་ཀྱི་ཕན་འབྲས་དངོས་ཆེ་རུ་གཏོང་ཆེད། ལས་དོན་རུ་ཁག་གིས་དངོས་སྒྲུབ་ཕན་ཆེའི་བརྟག་ཞིབ་རེའུ་མིག་ཆ་ཚང་ཞིག་རང་བརྟེན་ཇུས་འགོད་བྱས་ཡོད། བརྟག་ཞིབ་རེའུ་མིག་ཆ་ཚང་དེ་གཞི་རིམ་གྱི་དོན་དངོས་དང་འཚམ་པ་དང་བཀོལ་སྤྱོད་རང་བཞིན་ཆེ་བས་རིན་སྤུངས་རྫོང་ཨུད་ཀྱིས་དང་ལེན་བྱས་པ་མ་ཟད། རྫོང་ཡོངས་ཀྱི་ཁྱབ་ཁོངས་སུའང་ཁྱབ་གདལ་རྒྱ་ཁྱབ་བཏང་བ་རེད།

    “གྲོང་ཚོར་བཅའ་སྡོད་བྱེད་པར་སེམས་རྣལ་དུ་ཕབ་ནས་བྱ་བ་དངོས་བསྒྲུབས་ཏེ་ཁ་ཡོད་ལག་ཡོད་ཀྱིས་མང་ཚོགས་ཀྱི་སེམས་ཁྲལ་སེལ་དགོས”ཞེས་པ་དེ་ནི་བསྟན་འཛིན་འཕྲིན་ལས་ཀྱིས་རྒྱུན་དུ་ཤོད་པའི་སྐད་ཆ་ཞིག་རེད། ལས་བྱེད་པས་ལས་ཀ་ཡག་པོ་བྱེད་མིན་དེ་མང་ཚོགས་ཀྱིས་གསལ་པོ་ཤེས་ཀྱི་ཡོད་པར་ཁོང་གིས་ཐོག་མཐའ་བར་གསུམ་དུ་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད།

    ལོ་གཅིག་རིང་ཁོང་གིས་ཕྱོགས་མང་པོར་བསྐྱོད་ནས་ཐོན་ཁུངས་བརྩོན་ལེན་ཧུར་ཐག་བྱས་ཏེ་དམངས་འཚོའི་དོན་དངོས་ཚང་མ་བློ་རྩེ་གཅིག་སྒྲིམ་གྱིས་ཡག་པོ་སྒྲུབ་ཐུབ་པ་བྱེད་ཀྱི་ཡོད། དཔྱིད་རྨོད་ཀྱི་དུས་སུ་མངགས་གཏོང་ཚན་པའི་རྒྱབ་སྐྱོར་ལ་བརྟེན་ནས་ཁོང་གིས་མ་དངུལ་སྒོར་ཁྲི་7ལྷག་ཙམ་གྲབས་གསོག་བྱས་ཏེ་ཞིང་འཕྲུལ་ཡོ་བྱད་སྣ་ཚོགས་ཉོས་པ་དང་མ་དངུལ་སྒོར་ཁྲི་2བཏང་ནས་སྤུས་ལེགས་ཀྱི་ལུད་ཉོས་ཏེ་དཔྱིད་རྨོད་ཀྱི་ཐོན་སྐྱེད་ལ་རོགས་རམ་བྱེད་པ་དང་། སྟོན་ལས་ཚར་རྗེས་ཁོང་གིས་སྒོར་ཁྲི་10ལྷག་ཙམ་རི་བའི་སྨན་རྫས་དང་དངོས་ཟོག་རག་ཐབས་བྱས་ཏེ་རྫོང་ཁོངས་ཀྱི་སྨན་བཅོས་རིགས་གཅིག་མཁས་ཅན་གྲོང་ཚོར་གདན་དྲངས་ནས་འོས་འགན་སྨན་བཅོས་བྱས་པ། དགུན་ཁ་ཤར་རྗེས་ཁོང་གིས་སྣེ་ཁྲིད་དེ“དགུན་ཁ་དྲོ་ཞིང་སེམས་སྐྱིད་པའི”གཅེས་སྐྱོང་བྱ་སྤྱོད་སྤེལ་ནས་གྲང་འགོག་གྱོན་གོས་ཁྲི་ལྷག་ཙམ་བསྡུ་རུབ་བྱས་ཏེ་ཡུལ་མིའི་ལག་ཏུ་སྤྲད་པ་རེད། གཞན་ཡང་ཁོང་རང་ཉིད་ཀྱིས་སྒོར་ཁྲི་1ལྷག་ཙམ་བཏང་ནས་ཡུལ་མིའི་གཟུགས་པོར་རིན་མེད་བརྟག་དཔྱད་བྱས་པ་དང་དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲི་བྱས་ཏེ་དགེ་སྒྲུབ་ཆུང་ཆུང་ལ་བརྟེན་ནས་དམངས་སེམས་ལ་དྲོ་སྐྱིད་སྦྱིན་ཡོད།

    ཁོང་གིས་མང་ཚོགས་ཀྱི་དོན་དག་ཆུང་ཆུང་དག་དམངས་འཚོའི་བདེ་རྩར་ཐུག་པའི་དོན་ཆེན་ཡིན་པས་ངེས་པར་དུ་ལྟ་སྟངས་ཡང་དག་འཛིན་ནས་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།