དབུ་ཤོག>ཞིང་འབྲོག་གསར་པ།
  • “ལམ་བརྒྱུད་ས་ཚིགས”ནས“དྲོ་སྐྱིད་ས་ཚིགས”བར།

    ​—— གཞིས་རྩེའི་ས་དགའ་རྫོང་གིས“ནུབ་རྒྱུད་ས་ཚིགས”བཏོད་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-08-16

    ས་སྲོས་ལ་སླེབས་ཀྱང་གཞིས་རྩེའི་ས་དགའ་རྫོང་གྲོང་དུ་སྔར་བཞིན་འཁྲུག་ཆ་རབ་ཏུ་དོད། རྒྱལ་ལམ་219དེད་ནས་འཆམ་འཆམ་དུ་འགྲོ་སྐབས་ཁྲོམ་གཞུང་གཡས་གཡོན་གྱི་སྒོ་རྩིས་ཚོང་ཁང་དང་། གསོལ་མགྲོན་ཁང་། ཟ་ཁང་བཅས་ཀྱི་གློག་སྒྲོན་རབ་ཏུ་གསལ་བ་དང་། སྒོ་འགྲམ་དུ་ཞིང་ཆེན་མི་འདྲ་བའི་འཁོར་རྟགས་བསྒར་བའི་རླངས་འཁོར་གྱིས་ཁེངས་འདུག

    “དེ་སྔ་ཁ་ལོ་བ་ཚོ་ས་དགའ་བརྒྱུད་ནས་འགྲོ་སྐབས་ལམ་སེང་འགྲོ་བ་ལས་འཁྱུག་ཙམ་ཡང་སྡོད་འདོད་བྱེད་ཀྱི་མེད”རྫོང་གྲོང་གི“བཀྲ་ཤིས་བརྒྱ་ཟོག”ཚོང་ཁང་ནང་སྦྱིན་བདག་རིག་འཛིན་གྱིས་ཚོང་ཐེངས་ཁ་ཤས་བརྒྱབ་རྗེས་གསར་འགོད་པར“ད་ཆ་ཆ་རྐྱེན་ཡག་ཏུ་ཕྱིན་པས་ཚང་མ་ཞག་མ་གཉིས་གསུམ་སྡོད་འདོད་བྱེད་པ་མ་ཟད་ཚོང་ཡང་ཡག་པོ་འདུག”ཅེས་བཤད་བྱུང་།

    ལོ་13རིང་། ས་དགའ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས“ནུབ་རྒྱུད་ས་ཚིགས”འཛུགས་སྐྲུན་བྱ་རྒྱུ་དེ་རྫོང་ཁོངས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ཁྲོད་ཞབས་ཞུ་མཉམ་འདྲེས་བྱེད་པའི་སྒུལ་ནུས་གལ་ཆེན་ཞིག་ཏུ་བརྩིས་ནས། རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་སྤྱི་འདོམས་འཆར་འགོད་ནང་བཅུག་སྟེ་གཅིག་རྗེས་གཉིས་མཐུད་ངང་བསྒྲུབས་པས། “ནུབ་རྒྱུད་ས་ཚིགས”འཆར་འགོད་དེ་དོན་དངོས་སུ་རིམ་བཞིན་འགྱུར་བཞིན་ཡོད།

    ལེགས་ཆ་ཆེ་ཤོས་ནི“ལམ”དང་མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ནི“ས་ཚིགས”རེད།

    ས་དགའ་ནི་མངའ་རིས་དང་། ལྷ་ས། ཤིན་ཅང་བཅས་སུ་སྐྱོད་སྐབས་བརྒྱུད་དགོས་ངེས་ཀྱི་ས་ཆ་ཞིག་ཡིན་པ་དང་། དེ་ནི་ཤིན་བོད་གཞུང་ལམ་གི་མེད་དུ་མི་རུང་བའི་ལྷུ་ཚིགས་ཤིག་རེད། འོན་ཀྱང“མེད་དུ་མི་རུང་བ”དེ“གནས་ཐུབ་པ”ཞིག་མིན། ལོ་བཅུ་ལྷག་ཙམ་གོང་། “གཅེས་པར་འོས་པའི་ས་ཆ”དེ་ས་བབ་མཐོ་ཞིང་གྲང་ངར་ཆེ་ལ་གསོ་རླུང་དཀོན་པ་དང་ལེ་ལག་ཚང་བའི་སྒྲིག་བཀོད་རྗེས་ལུས་ཡིན་པའི་རྐྱེན་གྱིས། འགྲོ་འོང་བྱེད་མཁན་ཁ་ལོ་བ་དང་འགྲུལ་པས“ཐང་རྒོད་ཀྱི་གསབ་སྣོན་བྱེད་ས”ཞེས་བརྗོད་ཀྱི་ཡོད།

    “དཀའ་ངལ་ཆེ་ཤོས་ནི་ཆུ་དང་གློག་རེད”ས་དགའ་རྫོང་དུ་ལས་ཀ་བྱས་ནས་ལོ་བཅུ་ལྷག་ཙམ་སོང་བའི་ལས་བྱེད་པ་ཞིག་ལ་མྱོང་ཚོར་ཟབ་མོ་ཡོད་ཅིང་། ཁོང་གིས“སྐབས་དེ་དུས་རྫོང་གྲོང་དུ་མགྲོན་ཁང་ཡག་པོ་གཅིག་ཀྱང་མེད་པ་དང་། ཁྲོན་པ་འདྲུ་བའམ་ཡང་ན་གཅིག་སྡུད་ཆུ་མཁོ་འདོན་བྱ་ཡུལ་དུ་ཆུ་ལེན་པར་འགྲོ་དགོས་པ། དེའི་ཁར་གློག་ཀྱང་བརྟན་པོ་མེད་པས། དགུན་དུས་གློག་ཆད་པ་ནི་རྒྱུན་གཏན་གྱི་བྱ་བ་ཞིག་རེད”ཅེས་བཤད་བྱུང་། གཞི་རྩའི་འགན་སྲུང་མེད་ན་མི་གནས་ཐུབ་ཐབས་བྲལ། མི་མེད་ན་ཚོང་ལས་གཉེར་ཐབས་བྲལ། ཤིན་བོད་གཞུང་ལམ་གྱི་འགག་མདོ་ཡིན་ཡང“ཤར་བགྲོད་ལམ་གྱི”ནུས་པ་ཐོན་མི་ཐུབ་པ་ནི་ཅི་བྱ་གཏོལ་མེད་ཀྱི་བྱ་བ་ཅིག་ཡིན་ལ། ས་དགའ་རྫོང་ལ་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བར་འགྲན་སློང་དྲག་པོ་འཕྲད་ཡོད།

    དེའི་ཐད་ས་དགའ་རྫོང་ལ་ཐག་གཅོད་བྱེད་ཐབས་འཚམ་པོ་ཞིག་རྙེད་ཅིང་། ལེགས་ཆ་ཆེ་ཤོས་ནི“ལམ”ཡིན་པ་དང་། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ཀྱང“ལམ”ཡིན། ལམ་ནི་རི་ཆུའི་འབྲེལ་ཐག་ཡིན་ལ་མི་གནས་ཐུབ་པའི་བགྲོད་ལམ་ཡང་ཡིན། བགྲོད་ལམ་གྱི་དགེ་མཚན་དེ་མི་གནས་ཐུབ་པའི་དགེ་མཚན་དུ་བསྒྱུར་དགོས་ན། བཟོ་བཅོས་ཆུང་ངུ་དང་ཁ་གསབ་ཆུང་ངུ་བྱེད་མི་རུང་བར། ངེས་པར་དུ་རྩ་བ་ནས་ཤུགས་རྒྱག་པ་དང་ཡང་བསྐྱར་ངེས་གནས་གཏན་འཁེལ་བྱས་ཏེ། བགྲོད་ལམ་འདི་མི་སེམས་དྲོ་བར་བྱེད་པ་དང་གོམ་སྟབས་བརྟན་པོར་སྤོ་ཐུབ་པའི་ས་ཚིགས་སུ་བསྒྱུར་དགོས། 2013ལོར་ས་དགའ་རྫོང་གིས་གཞིས་རྩེའི“ནུབ་རྒྱུད་ས་ཚིགས”གཏོད་པའི་འཕེལ་རྒྱས་དམིགས་ཚད་དངོས་སུ་བཏོན་ནས་གྲོང་རྡལ་ཆུང་ངུ་བསྐྱར་སྐྲུན་གྱི་བྱ་སྤྱོད་སྤེལ་འགོ་ཚུགས་པ་རེད།

    ལོ་བཅུ་ལྷག་ཙམ་ལག་བསྟར་བྱས་པ་བརྒྱུད། མི་སྲིད་པ་མང་དག་ཅིག་ཡོང་སྲིད་པར་གྱུར་པ།

    དམིགས་ཡུལ་གཏན་ལ་ཕབ་རྗེས་གལ་ཆེ་ཤོས་ནི་མཐའ་འཁྱོངས་བྱེད་དགོས་པ་དེ་ཡིན།

    2013ལོ་ནས་2020ལོ་བར་ས་དགའ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཕྱོགས་ཁག་གི་ཐོན་ཁུངས་བསྡུ་སྒྲིལ་དང་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ། རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་62.87བཏང་ནས“ཆུ་དང་། གློག ལམ། འཕྲིན་གཏོང་། དྲ་བ་བཅས་དང་སློབ་གསོ་དང་། ཚན་རིག རིག་གནས། སྲུང་སྐྱོང”བཅས་ཚུད་པའི་རྣམ་གྲངས་436ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་རེད།

    2020ལོའི་ཟླ་12པར་མངའ་རིས་དང་བོད་དབུས་གློག་དྲའི་དྲ་སྦྲེལ་ལས་གྲྭ་འཁོར་རྒྱུག་བྱས་པས་ས་དགའ་རྫོང་གི་གློག་གི་གནད་དོན་རྦད་དེ་ཐག་གཅོད་ཐུབ་ཡོད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ས་དགའ་རྫོང་གིས་སླར་ཡང་ནུས་ཤུགས་ཡོད་རྒུ་བཏོན་ནས་ལོ་ལྔའི་རིང་རིམ་རྩིས་བརྒྱབ་ན་འཆར་འགོད་མ་དངུལ་སྒོར་དུང་ཕྱུར་18.77དོན་འཁྱོལ་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་ཆུ་མཁོ་འདོན་དང་། གྲོང་གསེབ་ཀྱི་བདེ་འཇགས་འཐུང་ཆུ། གཅིག་སྡུད་དྲོད་རླངས་དང་གསོ་རླུང་མཁོ་འདོན་སོགས་ཀྱི་རྣམ་གྲངས་341གཙོ་གནད་ཐོག་ལག་བསྟར་བྱས་ཡོད།

    “ནུབ་རྒྱུད་ས་ཚིགས·མཆོག་ནོར་གསོལ་མགྲོན་ཁང”མཚོན་བྱེད་དུ་བྱས་པའི་དེང་རབས་ཅན་གྱི་གསོལ་མགྲོན་ཁང་གཅིག་རྗེས་གཉིས་མཐུད་ངང་བརྒྱབ་པ་དང་། ཆུ་ཚོད་24ཡི་རིང་གསོ་རླུང་མཁོ་འདོན་དང་། ཚོད་འཛིན་ཐུབ་པའི་དྲོད་རླངས་མཁོ་འདོན། ཆེད་སྤྱོད་རླངས་འཁོར་འཇོག་ས་སོགས་ས་མཐོའི་ཕྱིར་སྐྱོད་ཀྱི་དཀའ་གནད་ཐག་གཅོད་ཡག་པོ་བྱས་པ་སོགས“བསམ་ཡུལ་ལས་འདས་པ”དེ་བས་མང་བ་དོན་དངོས་སུ་གྱུར་བ་དང་མི་སྲིད་པ་མང་དག་ཅིག་ཡོང་སྲིད་པར་གྱུར་ཡོད།

    དེ་དང་ཆབས་གཅིག་ཡུལ་སྐོར་བར་རིན་གོང་གསལ་པོ་བཟོ་བ་དང་། བཟའ་བཏུང་ཞབས་ཞུ་ཚད་ལྡན་དུ་གཏོང་བ། ཐེར་འདོན་ཐག་གཅོད་ལམ་སྲོལ་འཛུགས་པ་བཅས་བྱས་ནས་གོང་ཞུའི་གནད་དོན་ཐག་གཅོད་ཏན་ཏིག་ཐུབ་པའི་འགན་ལེན་བྱས་ཡོད། རྒྱལ་ལམ་རྒྱུད་དུ་ད་དུང་ཞབས་ཞུའི་ས་ཚིགས་བཙུགས་ཡོད་པས་འཁྱག་དུས་དྲོད་ལེན་ས་དང་། ཚ་དུས་གཡོལ་ས། སྐོམ་དུས་ཆུ་ལེན་ས། ཐང་ཆད་དུས་ངལ་གསོ་རྒྱག་ས་བཅས་ཡོད། ཞབས་ཞུ་ལེགས་སུ་ཕྱིན་པས་བསྔགས་བརྗོད་ཤུགས་སུ་ཐོབ་ནས་ཡུལ་སྐོར་བས་ཀྱང་ཉིན་ཁ་ཤས་སྡོད་འདོད་བྱེད་ཀྱི་ཡོད་ལ་མཚན་མོ་ལོ་རེ་ལས་ལོ་རེ་མ་འདས་པར་འགྲུལ་པ་མང་དུ་འགྲོ་གི་ཡོད།

    2025ལོར་ས་དགའ་རྫོང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་19ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་ལོ་ཧྲིལ་པོར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་2ལྷག་ཙམ་བྱུང་བ་དེ་དུས་མཚུངས་ལས་11.51%དང་265.20%སོ་སོར་འཕར་ཡོད།

    ས་ཚིགས་ཡག་པོ་སྐྲུན་ཡོད་མེད་ཐོག་ཁང་ལ་མི་ལྟ་བར་དམངས་འཚོའི་བདེ་སྡུག་ལ་ལྟ་དགོས།

    ནུབ་རྒྱུད་ས་ཚིགས་ཡག་པོ་སྐྲུན་ཡོད་མེད་ཐོག་ཁང་གི་མཐོ་ཚད་ཇི་ཙམ་ཡོད་མེད་ལ་མི་ལྟ་བར་མང་ཚོགས་ལ་ཡོང་འབབ་མང་ཉུང་ཇི་ཙམ་ཡོད་མེད་དང་ངོ་གདོང་ནས་འཛུམ་མདངས་འཕྱུར་མིན་ལ་ལྟ་དགོས།

    རྫོང་གྲོང་གི་ཁྲོམ་གཞུང་གཙོ་བོ་དང་། བོད་ཟས་ཟ་ཁང་། སི་ཁྲོན་གྱི་ཚལ་རིགས་ཟ་ཁང་། ནུབ་བྱང་ཐུག་པའི་ཟ་ཁང་བཅས་སྟར་པ་གཅིག་ཏུ་ཡོད་པ་དང་། གསོལ་ལྕོག་ཐོག་ཡུལ་སྐོར་བས་ཁྱད་ལྡན་བཟའ་བཅའི་བྲོ་བ་དངོས་མྱོང་ཐུབ་པ་མ་ཟད། ས་གནས་དེ་གའི་ཡུལ་མིར་ཡོང་འབབ་གསོག་པའི་ཐབས་ལམ་རྙེད་ཡོད། གནམ་ཆུ་སྒུག་ནས་ཕྱུགས་འཚོ་བ་ནས་ལས་ཞུགས་བརྟན་པོ་ཡོང་བའི་བར། རྩྭ་ཆུ་བཟང་སར་འཚོ་བའི་འབྲོག་པ་རྣམས་སྒོ་རྩིས་ཚོང་ཁང་གི་ཚོང་གཡོག་དང་། གསོལ་མགྲོན་ཁང་གི་ཞབས་ཞུ་བ། སྐྱེལ་འདྲེན་གྱི་ཁ་ལོ་བ་བཅས་སུ་གྱུར་ཡོད།

    དེའི་ཐད་གཞོན་ནུ་ཚོས་ཐོག་མར་གོ་སྐབས་འདི་དམ་འཛིན་བྱས་ཤིང་། ལོ་23ལ་སླེབས་པའི་བསྟན་འཛིན་ནོར་བུས་སྒོ་རྩིས་ཚོང་ཁང་དུ་ལས་ཀ་བྱས་ནས་ཟླ་རེར་ཡོང་འབབ་སྒོར་8000ལྷག་ཙམ་ཡོང་གི་ཡོད། “དེ་སྔ་ཕྱུགས་འཚོ་རྒྱུ་ལས་མ་འདས། ད་ཆ་ཕྱིར་ཚོང་རྩལ་ནུས་སྦྱོང་ཐུབ་ཀྱི་འདུག ཡོང་འབབ་བསགས་རྗེས་རང་ཉིད་ཀྱིས་ཚོང་ཁང་ཆུང་ཆུང་ཞིག་གཉེར་འདོད་ཡོད” སྐད་ཆའི་ཁྲོད་རེ་བ་ཡོད་ལ་སེམས་ཤུགས་ཀྱིས་ཀྱང་ཁེངས་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། 2025ལོར་རྫོང་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཀྱིས་ས་གནས་དེ་གའི་ངལ་ནུས་མི་ཐེངས་1200ལྷག་ཙམ་བསྡུས་ནས་འབབ་འཕར་སྒོར་ཁྲི་750ལྷག་ཙམ་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད། སྔོན་ཆད་ས་རུབ་མ་ཐག་རྫོང་ཡོངས་ལྷིང་འཇགས་སུ་གྱུར་བ་དང་ད་ཆ་ཁྲོམ་གཞུང་གི་གློག་སྒྲོན་གསལ་ལ་མི་རིགས་མཐུན་སྒྲིལ་ཐང་ཆེན་དུ་སྒོར་གཞས་རྒྱག་མཁན་དང་། འཆམ་འཆམ་དུ་འགྲོ་བའི་རྒན་རྒོན། རྩེད་འཇོར་རོལ་བའི་ཕྲུ་གུ་བཅས་ཀྱིས་ཁེངས་ཡོད།

    ལམ་དུ་ཡོང་མཁན་ཡོད་ན་གྲོང་ཁྱེར་དེ་གཞི་ནས་འཁྲུག་ཆ་དོད་དུ་འགྲོ་སྲིད། ས་དགའ་རྫོང་གིས་ལོ་བཅུ་ལྷག་ཙམ་གྱི་དུས་ཚོད་སྤྱད་ནས“ལམ་བརྒྱུད་ས་ཚིགས”དེ“དྲོ་སྐྱིད་ས་ཚིགས”སུ་བསྒྱུར་བ་དང་། “ཐང་རྒོད་ཀྱི་གསབ་སྣོན་ས་ཚིགས”དེ“ནུབ་རྒྱུད་ས་ཚིགས”སུ་བསྒྱུར་ཡོད། དེར་མྱུར་ལམ་མེད་པར་གནད་དོན་མང་དག་ཅིག་གཅིག་རྗེས་གཉིས་མཐུད་ངང་སྒྲུབ་པ་ལས་བྱུང་།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།