ཁྱད་ལྡན་ཐོན་ལས་དར། དམངས་འཚོར་ཕན་པ་ཐོགས།
ཉེ་ཆར། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ལྷ་རི་རྫོང་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་1995ལོར་ཟིན་ཐོར་འཁོད་པའི་སྒོར་ཁྲི་754ནས་2025ལོའི་སྒོར་དུང་ཕྱུར་22.91བར་འཕར་ནས་ལོ་རེར་ཆ་སྙོམས་འཕར་ཚད་7.3%ཟིན་ཏེ། ཐོན་ལས་མཉམ་ལས་ཀྱི་ཕན་ནུས་རྒྱུན་མཐུད་ཐོན་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་ཤུགས་ཆེན་འཕེལ་ཡོད་པ་རེད།
ལྷ་རི་རྫོང་གི་ཁྱད་ལྡན་ཐོན་རྫས་ཡིན་པའི་ཉང་གཡག་ལ་རྒྱུད་བཟང་ཅན་དང་། གཞི་ཁྱོན་ཅན། ཚད་ལྡན་ཅན། སྤུས་རྟགས་ཅན། ཐོན་ལས་ཅན་བཅས་ཀྱི་མཆོང་སྐྱོད་ཆེན་པོ་ལྔ་བྱུང་ཡོད། མིག་སྔར་ཉང་གཡག་དེ་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཐོན་རྫས་ལ་བདམས་པ་དང་། རྫོང་ཡོངས་སུ་ལག་ཡོད་མགོ་གྲངས་ཁྲི་19ལྷག་ཙམ་ཟིན་ཏེ། ཉང་གཡག་གསོ་ཚགས་རྟེན་གཞི་དེ་ཉིད་རྒྱལ་ཁབ་རིམ་པའི་གསོ་ཚགས་ཚད་ལྡན་ཅན་གྱི་དཔེ་སྟོན་ཁུལ་ལ་གཏན་འཁེལ་བྱས་ཡོད། སྲིད་གཞུང་གི་སྣེ་ཁྲིད་དང་། སྣེ་འདྲེན་ཁེ་ལས། མཉམ་ལས་ཁང་། ཁྱིམ་ཚང་འབྲོག་ར། གསོ་ཚགས་དུད་ཆེན། འབྲོག་དུད་བཅས་མཉམ་དུ་འབྲེལ་བའི་ཁེ་ཕན་མཉམ་འབྲེལ་ལམ་སྲོལ་ལ་བརྟེན་ནས་རྫོང་ཡོངས་ཀྱི་མཉམ་ལས་ཁང་52དང་འབྲོག་པ་དུད་ཚང་2138ཚད་ལྡན་ཅན་གྱི་གསོ་ཚགས་དང་ཞིབ་ལས་ཅན་གྱི་གཉེར་སྐྱོང་ནང་ཞུགས་ཏེ། ཐོན་ལས་འཁོར་འབྲེལ་རྒྱུན་ཆད་མེད་པར་སྣུར་སྲིང་ཐུབ་ཡོད། ཉང་གཡག་ཐོན་ལས་ཀྱི་སྐུལ་ཁྲིད་འོག་ལྷ་རི་རྫོང་གི་འབྲོག་ལས་ཡོང་འབབ་2021ལོའི་སྒོར་དུང་ཕྱུར་1.72ནས་2025ལོའི་སྒོར་དུང་ཕྱུར་4.04བར་འཕར་བ་དང་། འབྲོག་དུད་ལ་ལོ་རེར་ཡོང་འབབ་སྒོར་ཁྲི་ལྷག་ཙམ་འཕར་ཏེ། ཁྱད་ལྡན་འབྲོག་ལས་ཐོན་ཁུངས་དེ་ཉིད་མང་ཚོགས་ཡོང་འབབ་འཕར་བའི“གསེར་མདོག་ཐོན་ལས”ལ་དངོས་འབྲེལ་གྱུར་ཡོད་པ་རེད།
གཞན་ཡང་། ལྷ་རི་རྫོང་གི་བོད་སྨན་གྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ནས་བོད་སྨན་ཁང་ནས་ལས་སྣོན་བྱས་པའི་སྨན་རྫས་རིགས་143ལ་ཐོ་བཀོད་ཞིབ་མཆན་ཐོབ་པ་དང་། ཐོན་རྫས་རིན་ཐང་སྒོར་ཁྲི་6800ལྷག་ཙམ་ཟིན་ཡོད། ཀྲི་ཧུའེ་གཏེར་ལས་ཀུང་སི་ཤང་ཀང་གི་མ་རྐང་ཁྲོམ་རར་བཏོན་པ་དེ་ནག་ཆུ་གྲོང་ཁྱེར་གྱི་མ་རྐང་ཁྲོམ་རར་བཏོན་པའི་ཁེ་ལས་ཐོག་མར་གྱུར་ཡོད་པ་རེད།
ཐོན་ལས་དར་རྒྱས་བྱུང་བ་དང་ཆབས་ཅིག་ལྷ་རི་རྫོང་གི་དམངས་འཚོ་ལེགས་སུ་ཕྱིན་ནས་དམངས་ཀྱི་བདེ་སྐྱིད་ཚོར་སྣང་ཆེ་རུ་ཕྱིན་པ་སྟེ། རྫོང་ཡོངས་སུ་རིམ་གསུམ་གཞུང་ལམ་དྲ་རྒྱ་ཤར་གཏོང་ཐུབ་ཚད་100%ཟིན་པ་དང་། གྲོང་ཚོ(སྡེ་ཁུལ)107ལ་ཨར་འདམ་ལམ་ཤར་གཏོང་ཐུབ་ཡོད། ཤང་དང་གྲོང་རྡལ་10དང་། གྲོང་ཚོ(སྡེ་ཁུལ)124 རང་བྱུང་གྲོང་ཚོ་327བཅས་ལ་ས་ཁོངས་ཡོངས་ཀྱི་འཐུང་ཆུའི་བདེ་འཇགས་དང་འབྲོག་ལས་སྤྱོད་ཆུ་ཕྱོགས་ཡོངས་ནས་འགན་སྲུང་ཐུབ་ཡོད། སློབ་གསོའི་བྱ་གཞག་སྤུས་ལེགས་དང་། དོ་སྙོམས། ཕྱོགས་ཡོངས་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་ཕྱིན་ནས་ཀུན་ཕན་རང་བཞིན་གྱི་བུ་བཅོལ་ཁང་ཁྱབ་ཚད་100%ཟིན་ཡོད། ལྷ་རི་རྫོང་སྨན་རྩིས་ཁང་དེ་མཚན་མོར་སྒོ་བསྟེན་སྨན་བཅོས་ཁང་བཙུགས་པའི་ནག་ཆུ་གྲོང་ཁྱེར་གྱི་རྫོང་རིམ་པའི་སྨན་རྩིས་ཁང་ཐོག་མར་གྱུར་ནས་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་ཤུགས་ཆེན་ཕྱིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་དང་སྨན་བཅོས་འགན་བཅོལ་ལ་ཞུགས་ཚད་99%ཡན་ཟིན་ནས་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་ཕྱིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།