མཐའ་དར་དམངས་ཕྱུག་ལ་བརྟེན་ནས་མཐའ་མཚམས་བརྟན་པོར་སྲུང་བ།
གྲོང་གསེབ་དར་རྒྱས་ལས་ཁང་དམར་རྫོང་གི་དུས་རབས་གསར་པའི་མཐའ་སྟོབས་ཀྱི་རྒྱུགས་ལན་ལ་ལྟ་བ།
ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་གིས་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ཤིང་། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ལས་ཀའི་ཕྱོགས་སྟོན་དུ་འཛིན་པ་དང་། མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་འཐུས་སྒོ་ཚང་དུ་གཏོང་བ། ཁྱད་ལྡན་དམངས་ཕྱུག་ཐོན་ལས་སྐྱེད་སྲིང་བྱེད་པ། མཐའ་སྲུང་མཐའ་བརྟན་གྱི་སྲུང་བཅད་བརྟན་དུ་གཏོང་བ་བཅས་བྱས་པ་དང་། “ཚེ་གང་ལས་གཅིག་ཁོ་ནར་འབད། མེས་རྒྱལ་ཆེད་དུ་ང་ཡིས་མཐའ་མཚམས་སྲུང་བའི”ཟོལ་མེད་ཀྱི་བརྩེ་སེམས་ལ་བརྟེན་ནས། མཐའ་མཚམས་སུ་རྣམ་པ་གསར་པ་ཐོན་པ་དང་། མཐའ་མཚམས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་ཕྱིན་པ། མཐའ་མཚམས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་ཕྱིན་པ་བཅས་བྱུང་སྟེ། མཐའ་བརྟན་དམངས་མཐུན་དང་མཐའ་དར་དམངས་ཕྱུག་གི་མི་སེམས་འགུལ་བའི་རྒྱུགས་ལན་ཞིག་ཕུལ་ཡོད།
མཐའ་དར་རྨང་བརྟན། མཐོ་གྲང་རི་གྲོང་དེ་ཉིད་མཛེས་མཐུན་ཁྱིམ་གཞིས་སུ་གྱུར་པ།
ཁང་དམར་རྫོང་གྲོང་ནས་ལྷོ་ཕྱོགས་སུ་སྣུམ་ནག་གཞུང་ལམ་བརྒྱུད་རླངས་འཁོར་བཏང་ནས་སྤྱི་ལེ་71སྐྱོད་པ་ན། རི་སྐེད་དུ“ཚེ་གང་ལས་གཅིག་ཁོ་ནར་འབད། མེས་རྒྱལ་ཆེད་དུ་ང་ཡིས་མཐའ་མཚམས་སྲུང”ཞེས་པའི་སྦྱར་ཡིག་ཆེན་པོ་ཞིག་མངོན་གསལ་དོད། དེའི་འགྲམ་ནི་ཉིང་རུ་སྟོད་ཤང་སྟག་རི་གྲོང་ཚོ་རེད།
སྟག་རི་གྲོང་ཚོའི་ཆ་སྙོམས་ས་བབ་ལ་སྨི་5100ཟིན་པ་དང་འབྲུག་ཡུལ་དང་ས་མཚམས་འབྲེལ་ཞིང་། སྤྱི་ལེ་50ལྷག་ཙམ་གྱི་མཐའ་མཚམས་ལམ་ཐིག་ཡོད།
“དེ་སྔ་ལམ་ཡག་པོ་མེད་པས་ཡུལ་མི་ཚོར་ནད་གཞི་ཆུང་ཆུང་ཕོག་སྐབས་སྡུག་རུས་བྱས་ནས་སྡོད་དགོས་པ་དང་། ནད་གཞི་ལྕི་པོ་ཕོག་སྐབས་ཐག་རིང་དུ་སྨན་པ་བསྟེན་པར་འགྲོ་དགོས་ཀྱི་ཡོད”ཅེས་ཡུལ་མི་དགྲ་འདུལ་གྱིས་མྱོང་ཚོར་ཟབ་མོས་བརྗོད། དེ་སྔའི་སྟག་རི་གྲོང་ཚོར་རི་ལམ་ཀྱག་ཀྱོག་དང་། འགྲིམ་འགྲུལ་སྟབས་མི་བདེ་བ། ཆུ་གློག་འཕྲིན་གཏོང་རྗེས་ལུས། སྤྱི་པའི་ཞབས་ཞུ་ཞན་པ་སོགས་ཡིན་པས་མང་ཚོགས་བདེ་སྡོད་དཀའ་བ་དང་འཕེལ་རྒྱས་གཏོང་ཁག་པོ་ཡོད།
གྲོང་གསེབ་གསར་པ་འཛུགས་སྐྲུན་དང་། དབུལ་སྒྲོལ་འགག་སྒྲོལ། གྲོང་གསེབ་དར་རྒྱས་སོགས་ཀྱི་དམངས་ཕན་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་དོན་འཁྱོལ་ཐུབ་པ་དང་། དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་རྒྱུན་མཐུད་བཏང་བ་སོགས་ཀྱི་རྒྱབ་སྐྱོར་སྲིད་ཇུས་རབ་དང་རིམ་པ་ལས་སྟག་རི་གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་པ་དང་། རྒྱ་ཆེ་ཞིང་ཁོད་སྙོམས་པའི་སྣུམ་ནག་གཞུང་ལམ་གྲོང་ཚོར་ཤར་གཏོང་ཐུབ་ནས་ཕྱིར་སྐྱོད་དཀའ་བའི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་ཡོད།
“ལམ་ཤར་གཏོང་ཐུབ་རྗེས་ཚང་མ་སྟབས་བདེ་པོ་འདུག”ཅེས་དགྲ་འདུལ་གྱིས་མྱོང་ཚོར་ཟབ་མོས་བརྗོད། འགྱུར་ལྡོག་ཕྱིན་པ་ནི་འགྲིམ་འགྲུལ་ཙམ་མ་ཟད། སྟག་རི་གྲོང་ཚོའི་ཆུ་དང་། གློག འཕྲིན་གཏོང་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ཁྱོན་ཡོངས་ལ་ཁྱབ་ནས། སྤྱི་པའི་ཞབས་ཞུའི་ལེ་ལག་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་། གྲོང་ཚོའི་འཕྲོད་བསྟེན་ཁང་གསར་པ་དང་། ཚད་ལྡན་ཅན་གྱི་བུ་བཅོལ་ཁང་། སྤྱི་པའི་ཁྲུས་ཁང་བཅས་ཚང་མ་ཡོད་པས། མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་དང་དམངས་འཚོའི་བདེ་རྩར་ཕྱོགས་ཡོངས་ནས་འགན་སྲུང་ཐུབ་ཡོད།
འཐུས་སྒོ་ཚང་བའི་རྨང་གཞིའི་སྒྲིག་བཀོད་དང་སེམས་རྩ་འཁོལ་བའི་སྤྱི་པའི་ཞབས་ཞུ་ལས་ཡུལ་མི་ཚོ་བློ་བདེ་བག་ཕེབས་དང་། འཚོ་བ་སྐྱིད་པོ། གནད་བཟོད་བདེ་པོ་བཅས་བྱུང་ནས་མཐའ་མཚམས་མང་ཚོགས་མཐའ་མཚམས་སུ་རྩ་བ་ཚུགས་ཏེ་མཐའ་མཚམས་སྲུང་སྐྱོང་དང་བདེ་སྡོད་ལས་བརྩོན་ཐུབ་པར་རྨང་གཞི་བརྟན་པོ་བཏིང་ཡོད།
མཐའ་དར་དམངས་ཕྱུག ཐོན་ལས་ཀྱིས་མང་ཚོགས་ལ་འབབ་འཕར་ཡོང་བར་མཐུན་རྐྱེན་སྦྱར་བ།
འཚོ་བའི་ཁོར་ཡུག་ལེགས་སུ་ཕྱིན་པ་དང་ཆབས་ཅིག་ཁང་དམར་རྫོང་གི་རིམ་ཁག་སྡེ་ཚན་གྱིས་ཐོན་ལས་དར་རྒྱས་བྱུང་ཚེ་མཐའ་མཚམས་མང་ཚོགས་གཞི་ནས་རྩ་བ་ཚུགས་ཐུབ་པ་གསལ་པོར་རྟོགས་ཡོད།
ཉིང་རུ་སྟོད་ཤང་གི་འདེབས་འཛུགས་གསོ་ཚགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་མཉམ་འབྲེལ་ཁང་དུ་སྐྱོད་སྐབས་ཡུག་གཅིག་ཏུ་བཏབ་པའི་གཟན་རྩྭ་སྔོ་ཐིང་ངེར་སྐྱེས་ཤིང་། ལུག་ཁྱུ་ཤ་ཤེད་རྒྱས་ནས་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བཞིན་ཡོད། བསམ་ཚོད་ལས་འདས་པ་ཞིག་ལ། སྔོན་ཆད་འདི་གར་བྱེ་རླུང་འཚུབ་ཅིང་རྩྭ་རྐང་གཅིག་ཀྱང་སྐྱེ་ཡི་མེད།
“སྐབས་དེ་དུས་མི་མང་པོ་ཞིག་གིས་འདི་གར་རྩྭ་སྐྱེ་ཡི་མེད་ཅེས་ཟེར་གྱི་ཡོད། འོན་ཀྱང་ང་ཚོ་ཡིད་མ་ཆེས་པར་བེད་མེད་ས་ཆ་དེ་བེད་སྤྱོད་ཡག་པོ་ཐུབ་ན་བསམས་བྱུང”ཞེས་མཉམ་འབྲེལ་ཁང་གི་འགན་འཁུར་བ་དངོས་གྲུབ་ཀྱིས་བརྗོད་པ་དང་། ཁོང་གིས། གྲོང་སྡོད་ལས་དོན་རུ་ཁག་དང་ཤང་གི་ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་འོག་ཚང་མས་ཕྱར་བ་གྲུ་འདེགས་ཀྱིས་རྡོ་དབོར་བ་དང་ས་ཁོད་སྙོམས་ཏེ་སྤུས་ལེགས་ཡུག་པོ་མུའུ་500བཏབ་པ་ཡིན་ཞེས་བརྗོད།
དུས་དེ་ནས་གྲམ་ཐང་དེ་ཞིང་ས་གཤིན་པོར་གྱུར་པ་དང་ཐོན་ལས་ཀྱི་གཞི་ཁྱོན་ལོ་རེ་བཞིན་ཆེ་རུ་ཕྱིན་ཡོད།
དངོས་གྲུབ་ཀྱིས་ངོ་སྤྲོད་བྱས་དོན། མཉམ་འབྲེལ་ཁང་གིས“1+11”གི་བྱེད་ཐབས་སྤྱད་དེ་སྟག་རི་གྲོང་ཚོ་ཚུད་པའི་གྲོང་ཚོ་11གི་མང་ཚོགས་མ་རྐང་ནང་ཞུགས་སུ་བཅུག་སྟེ་འདེབས་འཛུགས་དང་། གསོ་ཚགས། ལས་སྣོན་བཅས་གཞི་གཅིག་ཏུ་འདུས་པའི“མུའུ་ཁྲི་དང་མགོ་གྲངས་སྟོང”གི་ཐོན་ལས་རྟེན་གཞི་བསྐྲུན་ཡོད། མིག་སྔར་རྟེན་གཞིས་རིམ་རྩིས་བརྒྱབ་ན་མཐོ་གྲང་གི་སྤུས་ལེགས་ཀྱི་གཟན་རྩྭ་མུའུ་ཁྲི་1.6ལྷག་ཙམ་ཡུག་གཅིག་ཏུ་བཏབ་ཡོད་པ་དང་། བོད་ལུག་དང་སུའུ་ཀེ་ལན་གྱི་ལུག་ལག་ཡོད་མགོ་གྲངས་5000ཡན་གསོས་པས་གཞི་ཁྱོན་ཅན་དང་། ཚད་ལྡན་ཅན། ཞིབ་ལས་ཅན་བཅས་ཀྱི་ཁྱད་ལྡན་འདེབས་གསོའི་ཐོན་ལས་མ་ལག་གྲུབ་ཡོད།
བསྡོམས་རྩིས་བརྒྱབ་པར་གཞིགས་ན། མཉམ་ལས་ཁང་དེས་ཁྱོན་མང་ཚོགས་མི་ཐེངས་ཁྲི་8ལྷག་ཙམ་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཡོད། 2025ལོར་མཉམ་ལས་ཁང་གི་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་825ཟིན་ཞིང་། གླ་ཆ་སྒོར་ཁྲི་194སྤྲད་པ་དང་བགོ་འགྲེམས་སྒོར་ཁྲི་150བརྒྱབ་ཡོད།
མཐའ་བརྟན་བློ་སྦྱོང་། གངས་ལྗོངས་ཀྱི་བདེ་འཇགས་སྲུང་བཅད་བསྐྲུན་པ།
ཉིང་རུ་སྟོད་ཤང་དུ“མི་ཚང་མ་སོ་ལྟ་བ་དང་དུད་ཚང་ཚང་མ་སོ་ལྟ་ཁང་ཡིན་པ་དང་། ཕྱུགས་འཚོ་བ་དང་མཉམ་དུ་མཐའ་མཚམས་ལ་སྐོར་གཡེང་བྱེད་པ་དང་ཐོན་སྐྱེད་བྱེད་པ་དང་མཉམ་དུ་ལས་འགན་སྒྲུབ་པའི”འདུ་ཤེས་སྔ་ས་ནས་མང་ཚོགས་ཀྱི་རྒྱུན་གཏན་གྱི་འཚོ་བ་དང་མཉམ་འདྲེས་ཐུབ་ནས་གངས་ལྗོངས་མཐའ་མཚམས་ཀྱི་ཆེས་མི་སེམས་འགུལ་བའི་རྣམ་པ་ཞིག་ཏུ་གྱུར་ཡོད།
སྟག་རི་གྲོང་ཚོར་ལོ་34སོང་བའི་མཐའ་མཚམས་སྐོར་ཞིབ་ལམ་ཞིག་ཡོད་ཅིང་། ད་ལོ་ལོ་52ལ་སླེབས་པའི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཆོས་ཆུང་ལོ་18ནས་ལམ་བུ་དེར་མཐའ་མཚམས་སྐོར་ཞིབ་ལ་གཞོལ་ཡོད།
“དེ་སྔ་ལམ་མེད་ལ་རླངས་འཁོར་ཡང་མེད། ཞོགས་པའི་ཆུ་ཚོད་8པར་ལམ་རྒྱགས་ཁྱེར་ཏེ་རི་ལ་སྐྱོད་པ་དང་སྐོམ་དུས་གངས་འགམ་གྱི་ཡོད། དགོང་མོ་ཁྱིམ་དུ་སླེབས་སྐབས་མཚན་མོའི་ཆུ་ཚོད་10པ་ཟིན་གྱི་ཡོད”ཅེས་ཆོས་ཆུང་གིས་ཕྱིར་དྲན་བྱེད་བཞིན་བརྗོད་པ་དང་། ཁོང་གིས་སྔོན་མ་མཐའ་མཚམས་སྐོར་ཞིབ་བྱེད་སྐབས་ཆ་རྐྱེན་ཞན་པས་རྐང་ཐང་མར་ཕར་འགྲོ་ཚུར་འོང་བྱེད་དགོས་ཀྱི་ཡོད། ལམ་བར་དུ་ས་བབ་སྨི་6000ཡན་གྱི་རི་བོ་བརྒྱུད་དགོས་པ་དང་། ལོ་འཁོར་མོར་ཁ་བ་བུ་ཡུག་འཚུབ་པ་མ་ཟད། གཡང་གཟར་ཡང་ཡོད། ཉེན་ཁ་ཆེ་ཤོས་ཤིག་ནི་མདུན་དུ་སྐྱོད་བཞིན་པའི་རུ་མི་གློ་བུར་དུ་འཁྱགས་སྲུབས་ནང་ལྷུང་བས་མི་ཚང་མ་སྐྲག་ནས་རྔུལ་ཆུ་ཡང་ཤོར་སོང་ཞེས་བརྗོད།
འཆི་གསོན་གྱི་ཚོད་བགམ་ཡང་ཡང་འཕྲད་ཀྱང་ཆོས་ཆུང་གིས་ཐོག་མཐའ་བར་གསུམ་དུ་མཐའ་མཚམས་སྲུང་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་བརྟན་པོར་བསྲུངས་ཡོད།
ཆོས་ཆུང་གི་སྣེ་ཁྲིད་འོག་གྲོང་ཚོ་ཡོངས་སུ་མཐའ་སྲུང་བ་རྐང་འཛིན་དུ་བྱེད་པ་དང་། གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་སྣེ་ཁྲིད་པ། གཉིས་ལྡན་དུད་སྦྲེལ་གྱི་སྤྱི་མི་དང་དྲ་མིག་དོ་དམ་པས་མཉམ་སྒྲུབ་བྱེད་པ་བཅས་ཀྱི་མཉམ་འགོག་མཉམ་འཛིན་གྱི་དྲ་རྒྱ་ཞིག་གྲུབ་ཡོད། རྒྱུན་གཏན་གྱི་བརྟན་སྲུང་བྱེད་རིང་། “ཚེ་གང་བྱ་བ་གཅིག་ཁོ་ན་བསྒྲུབས་ནས་ང་ཡིས་མེས་རྒྱལ་ཆེད་མཐའ་མཚམས་སྲུང་གི་ཡིན”ཞེས་པ་ནི་སྦྱར་ཡིག་ཙམ་མིན་པར་གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཀྱིས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བརྩོན་ལེན་བྱེད་པའི་རང་རྟོགས་ཀྱི་བྱ་སྤྱོད་ཅིག་ཏུ་གྱུར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།