ཕ་ཡུལ་འཕྲེང་སེམས་ནམ་ཡང་དོར་དུ་མེད། ལས་གཏོད་འདུན་པས་ཡུལ་མི་དྲིན་གྱིས་བསྐྱངས།
གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་དུ་ཚེ་རྣམ་རྒྱལ་གྱི་སྐོར་གླེང་སྐབས། མི་མང་པོས་མཐེ་བོང་སྒྲེང་གི་ཡོད།
བོད་རིགས་གཞོན་ནུ་དེ་ནན་ཅིང་ཞིང་ལས་སློབ་ཆེན་ནས་ཐོན་རྗེས་ཀྲུང་དབྱང་ཁེ་ལས་སུ་ལས་ཀར་ཞུགས་ཏེ་ལྕགས་ཕོར་རག་ནས་ལོ་བརྒྱད་སོང་མོད། 2017ལོར་བློ་ཐག་ཆོད་པོས་ལས་དགོངས་ཞུས་ཏེ་ཕ་ཡུལ་དུ་ལོག་ནས་བོད་ལྗོངས་ཤངས་པ་རིག་གནས་སྨྱན་སྦྱོར་ཚད་ཡོད་ཀུང་སི་བཙུགས། ད་ཆ་ཁོང་ནི་ཡུལ་དེར་སྐད་གྲགས་ཆེན་པོ་ཡོད་པའི་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་གྱི་སྣེ་ཁྲིད་པར་གྱུར་ཡོད་ལ། སྲིད་གྲོས་སྐབས་གཉིས་པའི་གཞིས་རྩེ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ཡང་རེད།
2009ལོར་ཚེ་རྣམ་རྒྱལ་གཞིས་རྩེ་གྲོང་ཁྱེར་ལན་ཐུང་ཀུང་སིར་ལས་ཀར་ཞུགས་པ་དང་། དེ་རྗེས་ཀྱི་ལོ་8རིང་ཁོང་གིས་ལག་ཆའི་ཁུག་མ་སྒལ་པར་ཁུར་ནས་རིན་སྤུངས་དང་། རྣམ་གླིང་། གཉའ་ནང་སོགས་རྫོང་གི་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བསྐྱོད་ཅིང་། ཁོང་གིས་ཞིང་འབྲོག་པར་བརྡ་རྟགས་སྙོམས་སྒྲིག་ཚོད་ལྟ་བྱེད་རོགས་བྱེད་མྱོང་ལ། ཐག་རིང་ལུང་ཁུག་གི་གྲོང་གསེབ་ཏུ་སྦྲ་གུར་དུ་ཡང་སྡོད་མྱོང་། ལོ་8རིང་། ཁོང་གི་ལས་སྒོ་བྱང་ཆུབ་པ་ཞིག་ཆགས་ཀྱང་། ཕ་ཡུལ་གྱི་གཞོན་ནུ་མི་ཉུང་བ་ཞིག་ལ་ལས་སྒྲུབ་ཀྱི་སྤྲོ་སེམས་ཆེན་པོ་ཡོད་མོད། འོན་ཀྱང་ལས་ཞུགས་ཐབས་ལམ་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་པོ་མེད་སྟབས་ཕྱི་ཕྱོགས་སུ་ལས་ཀ་གང་བྱེད་དགོས་མིན་མི་ཤེས་པར་ཁྱིམ་དུ་ལས་མེད་ངང་མི་ཚེ་སྟོང་ཟད་དུ་འགྲོ་མཁན་དེ་དག་རྟག་ཏུ་བསམ་བློ་འཁོར་གྱི་ཡོད།
2017ལོར། རྒྱལ་ཁབ་ཀྱི་སློབ་ཆེན་སློབ་མའི་ལས་གཏོད་རོགས་སྐྱོར་སྲིད་ཇུས་དང་རང་སྐྱོང་ལྗོངས་ཀྱིས་བཏོན་པའི་ལས་གཏོད་ཁ་གསབ་དང་། ས་ཆའི་རོགས་སྐྱོར། སྤྱི་ཚོགས་འགན་སྲུང་ཆག་ཡང་དང་རྩ་ཆག་སོགས་ཕན་ཡོད་བྱེད་ཐབས་མང་པོར་བརྟེན་ནས་ཚེ་རྣམ་རྒྱལ་གྱིས་ཀྲུང་དབྱང་ཁེ་ལས་ཀྱི་ལས་ཀ་བརྟན་པོ་དེ་ལས་དགོངས་པ་ཞུས་ཏེ་རྣམ་གླིང་རྫོང་དུ་ལས་གཏོད་བྱ་བར་ཞུགས།
2018ལོའི་ཟླ་1པོར། བོད་ལྗོངས་ཤངས་པ་རིག་གནས་སྨྱན་སྦྱོར་ཚད་ཡོད་ཀུང་སི་དངོས་སུ་བཙུགས་ནས། ཐོ་འགོད་མ་དངུལ་སྒོར་ཁྲི་100བཏང་ནས་རིག་གནས་ཁྱབ་སྤེལ་དང་། བརྡ་ཁྱབ་ཇུས་འགོད། པར་ལེན་སྒྲིག་བཟོ་བཅས་གཙོ་གཉེར་བྱས་པ་དེ་ནི་རྣམ་གླིང་རྫོང་གི་ཕ་ཡུལ་དུ་ལོག་པའི་སློབ་གྲྭ་ཆེ་མོ་བས་གཉེར་བའི་རིག་གནས་སྨྱན་སྦྱོར་ཁེ་ལས་དང་པོ་དེ་རེད།
ལས་གཏོད་ལམ་བུར་གེགས་བར་སྣ་ཚོགས་འཕྲད། ས་མཐོར་བརྡ་ཁྱབ་ཇུས་འགོད་བྱེད་པར་འཛད་སྤྱོད་པ་ཉུང་བ་དང་། མངགས་ཐོ་ཁ་ཐོར། དངུལ་རག་དཀའ་བ་སོགས་ཀྱི་གནད་དོན་འཕྲད་ཀྱི་ཡོད། སྐབས་རེ་སྒོར་སྟོང་ཕྲག་ཁ་ཤས་ཀྱི་མངགས་ཐོའི་ཆེད་དུ་ཁོང་གིས་རྟག་ཏུ་རླངས་འཁོར་བཏང་ནས་སྤྱི་ལེ་བརྒྱ་ཕྲག་ཁ་ཤས་སར་བསྐྱོད་དེ་ལས་སྒོ་བརྩོན་ལེན་བྱེད་དགོས་ཀྱི་ཡོད། དཀའ་ངལ་ཆེ་ཤོས་ཀྱི་ལོ་གཉིས་རིང་ཁོང་གིས་བསགས་པའི་དངུལ་ཚང་མ་ཐོར་ནས་མཚན་མོ་གཉིད་མི་ཁུག་རུང་སྔར་བཞིན་དཔུང་ཁག་གི་སྣེ་ཁྲིད་དེ་གཤམ་དུ་དཔྱད་གཞི་འཚོལ་བ་དང་རྣམ་གྲངས་འབྲེལ་མཐུད་བྱས་ནས་ཨམ་གཙིགས་བསྡམས་ཏེ་དཀའ་ངལ་ལས་གྲོལ་ཐབས་བྱས་ཡོད།
སྙིང་རུས་ཆེན་པོས་གཉེར་སྐྱོང་བྱས་མཐར་བྱ་གཞག་ལ་འབྲས་བུ་ཕྲན་བུ་ཐོན་ཞིང་། ཀུང་སིའི་ལས་མིའང་ཐོག་མའི་མི་ཁ་ཤས་ནས་ད་ཆའི་མི་11བར་མང་དུ་སོང་བའི་ནང་། སློབ་གྲྭ་ཆེ་མོ་བ་7དང་སྤྱི་ཚོགས་ཀྱི་གཞོན་ནུ་4ཡོད་པར། ལོ་ལྟར་གླ་ཆ་ཁོ་ན་སྒོར་ཁྲི་70ལྷག་ཙམ་སྤྲོད་དགོས་ཀྱི་ཡོད།
“ཁེ་ལས་ནི་ལས་ཞུགས་དང་དམ་པོར་འབྲེལ་བ་དང་། ལས་ཞུགས་དེའང་དམངས་འཚོ་ཆེ་ཤོས་ཡིན”ཞེས་པའི་བབ་ཆགས་པའི་སྐད་ཆ་ལས་ཚེ་རྣམ་རྒྱལ་གྱིས་དཔུང་ཁག་གི་སྣེ་ཁྲིད་དེ་མངགས་ཐོ་རེ་རེ་བཞིན་བླངས་ཏེ་འབད་འབུངས་བྱེད་པའི་གྲུབ་འབྲས་མངོན་ཡོད།
ཚེ་རྣམ་རྒྱལ་གྱིས་དེ་བས་དོ་སྣང་ཆེན་པོ་བྱེད་ས་ནི། ད་དུང་སློབ་གྲྭ་ཐོན་མེད་པའམ་ཡང་ན་སློབ་གྲྭ་ནས་ཐོན་མ་ཐག་གི་གཞོན་ནུ་དེ་དག་ཡིན་ཞིང་། ཁོང་གིས་ཀུང་སི་དེ་གཞིས་རྩེ་གྲོང་ཁྱེར་རིམ་པའི་གཞོན་ནུའི་ནང་སྦྱོང་རྟེན་གཞི་དང་རྣམ་གླིང་རྫོང་རིམ་པའི་སློབ་གྲྭ་ཆེ་མོ་བའི་གཉིས་གཏོད་དངོས་སྦྱོང་རྟེན་གཞིར་བསྐྲུན་ནས། ལོ་ལྟར་སློབ་གྲྭར་ཡོད་མུས་ཀྱི་སློབ་མ་དང་ལོ་འདི་གའི་སློབ་ཐོན་སློབ་མ་དངོས་སྦྱོང་ལ་བསྡུས་ཏེ་ངོས་སྙོམས་ཇུས་འགོད་དང་བརྙན་ཐུང་པར་ལེན་སོགས་ཀྱི་རྩལ་ནུས་བརྒྱུད་ཁྲིད་བྱེད་ཀྱི་ཡོད།
མིག་སྔའི་བར། ཀུང་སིས་རིམ་རྩིས་བརྒྱབ་ན་ཡུལ་དེའི་སློབ་གྲྭ་ཆེ་མོ་བ་40ལྷག་ཙམ་ལ་ལས་ཞུགས་དང་དངོས་སྦྱོང་གོ་སྐབས་བསྐྲུན་པར་མི་20ཙམ་ལས་ཀ་བརྟན་པོ་རག་པ་དང་། ལ་ལ་ཀུང་སིའི་ལས་སྒོའི་རྐང་འཛིན་པ་དང་། ལ་ལས་རང་ཉིད་ཀྱིས་ལས་གཏོད་བྱས་ཏེ་ལས་དོན་ཁང་བཙུགས་ཡོད། ཚེ་རྣམ་རྒྱལ་གྱིས“ཁོང་ཚོས་རང་ཉིད་ཀྱི་འཇོན་ཐང་ལ་བརྟེན་ནས་ཡོང་འབབ་གསོག་པ་མཐོང་སྐབས་ང་རང་ཉིད་ལ་ཡོང་འབབ་བྱུང་བ་ལས་ཀྱང་དགའ་ཚོར་ཆེ་བ་འདུག”ཅེས་བཤད།
འབྲེལ་ཡོད་གསར་འགྱུར།