འཇོ་མདའི་འབྲི་གཡག་མང་ཚོགས་ཕྱུག་འགྱུར་གྱི་ཐོན་ལས་གལ་ཆེན་དུ་གྱུར་པ།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་གི་འབྲོག་ལས་ཐོན་རྫས་ཀྱི་རིན་ཐང་བརྟན་པོ་འཕར་ནས་2025ལོར་སྒོར་དུང་ཕྱུར་7.87ཟིན་པ་དེ་ལོ་རེའི་ཆ་སྙོམས་འཕར་ཚད་10.02%རྒྱུན་འཁྱོངས་ཐུབ་སྟེ། འཇོ་མདའི་འབྲི་གཡག་མིང་དོན་མཚུངས་པའི་མང་ཚོགས་ཕྱུག་འགྱུར་གྱི་ཐོན་ལས་གལ་ཆེན་དུ་གྱུར་ཡོད།
ཉེ་ཆར། འཇོ་མདའ་རྫོང་གིས་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དང་ལག་རྩལ་མཛུབ་ཁྲིད་ཟུང་དུ་འབྲེལ་བའི་རོགས་སྐྱོར་བྱེད་ཐབས་ལ་བརྟེན་ནས་སྲིབ་མདའ་ཤང་རི་མདའ་གྲོང་ཚོར་བསྐྱོད་དེ་འབྲི་གཡག་གསོ་ཚགས་ཀྱི་ཆེད་དོན་ལག་རྩལ་ཞབས་ཞུའི་ལས་དོན་སྤེལ་ཏེ་གསོ་ཚགས་དུད་ཚང་གི་གསོ་ཚགས་དཀའ་གནད་བསལ་བ་རེད། “ཚན་རིག་དང་མཐུན་པའི་གསོ་ཚགས་རྩལ་ནུས་ཁོང་དུ་ཆུད་པར་བྱེད་པ་དེ་གསོ་ཚགས་ར་བའི་འཕེལ་རྒྱས་དང་འབྲི་གཡག་ཤ་ཤེད་རྒྱས་པར་གལ་འགངས་ཆེན་པོ་ཡིན་པ་གཞི་ནས་ཤེས་བྱུང་། ངས་ངེས་པར་དུ་འབྲེལ་ཡོད་རྩལ་ནུས་ཡག་པོ་སྦྱངས་ནས་གསོ་ཚགས་ཀྱི་ཉེན་ཁ་ཆུང་དུ་ཧུར་ཐག་བཏང་སྟེ་གསོ་ཚགས་ཀྱི་ཕན་འབྲས་ཆེ་རུ་གཏོང་རྒྱུ་ཡིན”ཞེས་ས་གནས་དེ་གའི་གསོ་ཚགས་དུད་ཚང་འཇམ་དབྱངས་ཀྱིས་ལག་རྩལ་པའི་མཛུབ་ཁྲིད་ཉན་རྗེས་འབྱུང་འགྱུར་གྱི་གསོ་ཚགས་ལམ་བུར་ཡིད་ཆེས་ཀྱིས་ཁེངས་ནས་བཤད།
གསོ་ཚགས་ཀྱི་རྨང་གཞི་བརྟན་དུ་གཏོང་ཆེད་འཇོ་མདའ་རྫོང་གིས་ཚད་ལྡན་ཅན་དང་། ལེགས་བསྡུས་ཅན། ཚན་རྩལ་ཅན་བཅས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་བརྟེན་ནས་འབྲི་གཡག་གསོ་ཚགས་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ་བཀོད་སྒྲིག་ལུགས་མཐུན་དང་ལེ་ལག་ཚང་བའི་གསོ་ཚགས་རྟེན་གཞིའི་མ་ལག་རིམ་བཞིན་བསྐྲུན་ཡོད། རྩྭ་ཕྱུགས་དོ་སྙོམས་དང་ཚན་རིག་དང་མཐུན་པའི་སྒོ་ནས་གཟན་ཆས་གསབ་རྒྱུ་ཟུང་དུ་འབྲེལ་བའི་བྱེད་ཐབས་ཁྱབ་གདལ་ཤུགས་ཆེན་བཏང་བ་བརྒྱུད་རྫོང་ཡོངས་སུ་རིམ་རྩིས་བརྒྱབ་ན་ཕྱུགས་ཚང་1505བསྐྲུན་པ་དང་། རྩྭ་ར་མུའུ་ཁྲི་65སྐོང་བ། མི་ཐབས་གཟན་རྩྭའི་རྟེན་གཞི་མུའུ་ཁྲི་2.1བསྐྲུན་པ་བཅས་བྱས་པར་བརྟེན་དགུན་དཔྱིད་གཟན་རྩྭ་དཀོན་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱུང་བ་མ་ཟད། འབྲོག་རར་ཕྱུགས་རིགས་ཤོང་ཚད་མང་དུ་ཕྱིན་པ་དང་གསོ་ཚགས་ཀྱི་མཁྲེགས་ཆས་རྨང་གཞི་ཕྱོགས་ཡོངས་ནས་སྲ་བརྟན་དང་མཐོ་རུ་ཕྱིན་ཡོད།
དེ་དང་ཆབས་ཅིག་འཇོ་མདའ་རྫོང་གིས་ཆེད་ལས་ལག་རྩལ་དཔུང་ཁག་བཙུགས་ནས་འབྲོག་ཁུལ་གྱི་འཐབ་ས་དང་པོར་མངགས་ཏེ་རྒྱུན་རྣམ་ཅན་གྱི་རྒྱུད་པ་ལེགས་བཅོས་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན། ཚན་རིག་དང་མཐུན་པའི་རྒྱགས་གསོ་སོགས་ཀྱི་ལག་རྩལ་བསླབས་པ་དང་འབྲི་གཡག་བཤས་གཏོང་བའི་དུས་འཁོར་ཐུང་དུ་ནུས་ལྡན་བཏང་ཁར་གསོ་ཚགས་ཀྱི་ཕན་འབྲས་ཆེ་རུ་བཏང་ནས་དུས་ཚིགས་ལས་ལྡོག་པའི་རྒྱགས་གསོ་རྒྱུན་རྣམ་ཅན་ལ་འགྱུར་བར་སྐུལ་འདེད་བཏང་ཡོད། འབྲོག་ཁུལ་དུ་རྒྱུད་སྤེལ་བྱེད་པ་དང་ཞིང་ཁུལ་དུ་རྒྱགས་གསོ་བྱེད་པའི་བྱེད་ཐབས་གསར་གཏོད་དང་ཁྱབ་གདལ་བཏང་བ་དང་། ཆེད་དངུལ་བཏང་ནས་ཞིང་ཁུལ་གྱི་རྒྱགས་གསོའི་རྟེན་གཞི་བསྐྲུན་པར་གཙོ་གནད་རོགས་སྐྱོར་གྱིས་སྔ་རྗེས་སུ་དུད་ཚང་870ལྷག་ཙམ་གྱི་མང་ཚོགས་3590ལྷག་ཙམ་གསོ་ཚགས་གཉེར་སྐྱོང་ལ་ཞུགས་པར་སྐུལ་ཁྲིད་བཅས་བྱས་པར་བརྟེན་དུད་ཚང་རེར་ལོ་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་1ལྷག་ཙམ་རག་སྟེ་གསོ་ཚགས་ཁོ་ན་ནས་འབྲོག་པར་འབབ་འཕར་བརྟན་པོ་བྱུང་ཡོད།
མིག་སྔར་འཇོ་མདའ་རྫོང་དུ་ལག་ཡོད་འབྲི་གཡག་མགོ་གྲངས་ཁྲི་35.35ཡོད་པ་དང་ལོར་བཤས་གཏོང་ཚད་མགོ་གྲངས་ཁྲི་7ཡན་ཟིན་ཞིང་། 2025ལོར་གསོ་ཚགས་གཉེར་སྐྱོང་ཁོ་ནའི་ཡོང་འབབ་སྒོར་དུང་ཕྱུར་5.8ཟིན་ནས་འབྲོག་པར་འབབ་འཕར་བརྟན་པོ་བྱུང་བ་མ་ཟད། འབབ་འཕར་འདེགས་སྐྱོར་ཁྲོད་གསོ་ཚགས་ཐོན་ལས་ཀྱི་ནུས་པ་ཉིན་རེ་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད།
འབྲི་གཡག་གསོ་ཚགས་ཀྱིས་ས་མཐོའི་མང་ཚོགས་ཕྱུག་འགྱུར་ཡོང་བར་རེ་བ་སྦྱིན་ཡོད་ལ། འཇོ་མདའ་རྫོང་གི་གྲོང་གསེབ་དར་རྒྱས་ལ་ནུས་པ་ཆེན་པོ་བཏོན་ཡོད། ད་ཆ་འཇོ་མདའ་རྫོང་གི་འབྲི་གཡག་ཐོན་ལས་གཞི་ཁྱོན་ཅན་དང་། སྤུས་རྟགས་ཅན། འཁོར་འབྲེལ་ཧྲིལ་པོའི་འཕེལ་རྒྱས་ཁྲོད་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་། ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་བརྟན་པོ་འཕར་ནས། ཐོན་ལས་དར་རྒྱས་དང་། མི་སེར་འབྱོར་ཕྱུག གྲོང་གསེབ་གནས་འཕྲོད་བཅས་ཀྱི་མཛེས་སྡུག་ལྡན་པའི་རྣམ་པ་རིམ་བཞིན་དོན་དངོས་སུ་འགྱུར་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།