བསྐུར་མ་འབྲོག་ཁྱིམ་དུ་འབྱོར། ཐོན་རྫས་གཞན་ཡུལ་དུ་བྲིན།
—— མངའ་རིས་ས་ཁུལ་སྒེར་རྩེ་རྫོང་གིས་ཞིང་འབྲོག་ཁུལ་གྱི་སྦྲག་བསྐུར་ཟོག་འགྲུལ་མ་ལག་ལས་དོན་ལ་སྐུལ་འདེད་བཏང་བའི་སྐོར་གྱི་མཐོང་ཐོས།
དབྱར་དུས་ཀྱི་བྱང་ཐང་དུ་བསིལ་རླུང་དལ་བུར་ལྡང་བ་དང་ཉི་འོད་དྲོ་ཞིང་འཇམ། རྒྱང་རིང་གི་འབྲོག་ཁྱིམ་དུ་ཤར་བགྲོད་ཐུབ་པའི་ཀྱག་ཀྱོག་གི་གཞུང་ལམ་ཐོག་ཕར་འགྲོ་ཚུར་འོང་བྱེད་པའི་ཟོག་འགྲུལ་སྡེབ་སྐྱེལ་རླངས་འཁོར་དག་རྩྭ་ཐང་གི་མཛེས་ལྗོངས་ཤིག་ཏུ་གྱུར། ཤང་དང་གྲོང་རྡལ་གྱི་ཟོག་འགྲུལ་ས་ཚིགས་ཀྱི་མདུན་དུ་འབྲོག་པ་ཚོ་ཅ་ལག་ལེན་རྒྱུ་སྒུག་ཞོར་ལ་ཁ་པར་ནས་རྒྱུན་མཁོའི་ཅ་དངོས་ཉོ་བཞིན་འདུག
སྒེར་རྩེ་རྫོང་མ་མིག་ཤང་ལྡིང་ཁྲོག་གྲོང་ཚོའི་གྲོང་ཚོ་རིམ་པའི་སྦྲག་བསྐུར་ཟོག་འགྲུལ་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་ཀྱི་ལས་དོན་པ་སྐལ་བཟང་གིས་སྟོང་སངས་ཐུམ་སྒྲིལ་ནང་གི་ཚགས་ཤ་སོས་པ་དག་རེ་རེ་བཞིན་བྱང་ཆུབ་པོས་ཁ་སྦྱོར་བཞིན“ཞིང་འབྲོག་ཐོན་རྫས་འདི་དག་ཉིན་གཉིས་ཙམ་ནང་ལྷ་ས་དང་། གཞིས་རྩེ། ཐ་ན་ལྗོངས་ཕྱིའི་འཛད་སྤྱོད་པའི་ལག་ཏུ་འབྱོར་གྱི་རེད”ཅེས་བཤད།
“ལོ་ཤས་གོང་ལ་ཚགས་ཤ་བསྐུར་བར་རྫོང་དུ་སྐྱོད་དགོས་པས་དུས་ཚོད་མང་པོ་འགོར་སྟབས་འཛད་སྤྱོད་པར་ཤ་སོས་པ་བསྐུར་ཐུབ་ཀྱི་མེད”ཅེས་སྐལ་བཟང་གིས་མྱོང་ཚོར་ཟབ་མོས་བཤད། ལྡིང་ཁྲོག་གྲོང་ཚོ་དེ་ཉིད་རྫོང་གྲོང་དང་བར་ཐག་སྤྱི་ལེ་བརྒྱ་ལྷག་ཙམ་ཡོད་པ་དང་། དེ་སྔ་གྲོང་ཚོ་རིམ་པའི་སྦྲག་བསྐུར་ས་ཚིགས་མེད་པས་ཚགས་ཤ་དང་ལུག་ཤ་སོགས་ཐོན་རྫས་སོས་པ་ཕྱིར་བསྐུར་ཁག་པོ་ཡོད་པ་ནི་དུས་ཡུན་རིང་པོའི་ནང་ཚང་མའི་དཀའ་གནད་དུ་གྱུར་ཡོད།
དཀའ་གནད་དེ་དག་བསལ་ཆེད། མངའ་རིས་ས་ཁུལ་སྒེར་རྩེ་རྫོང་གིས“མ་གནས་གཅོག་པ་དང་། ལས་གནས་བརྟན་དུ་གཏོང་བ། ཕན་འབྲས་ཆེ་རུ་གཏོང་བ”བཅས་ལ་དམ་པོར་དམིགས་ཏེ་རྫོང་ཁོངས་ཀྱི་ཞིང་འབྲོག་ཁུལ་གྱི་སྦྲག་བསྐུར་ཟོག་འགྲུལ་མ་ལག་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། གྲོང་གསེབ་ཏུ་བསྐུར་མ་འབྱོར་ཐུབ་པའི“མཐའ་མའི་སྨི་གཅིག”དང་ཞིང་ལས་ཁྱད་ལྡན་ཐོན་རྫས་གྲོང་ཚོའི“ཐོག་མའི་སྨི་གཅིག”བཏོད་དེ་གྲོང་གསེབ་དར་རྒྱས་ཀྱི་ཟོག་འགྲུལ་རྨང་གཞི་བརྟན་དུ་བཏང་ཡོད།
ལམ་ཐག་རིང་བ་དང་སྡེབ་སྐྱེལ་མ་གནས་མཐོ་བའི་ཟོག་འགྲུལ་གྱི་དཀའ་གནད་ལ་ཕྱོགས་ཏེ་སྒེར་རྩེ་རྫོང་གིས“འགྲུལ་ཟོག་སྦྲག་སྲིད”བཅས་མཉམ་འདྲེས་འཕེལ་རྒྱས་དང“སྦྲག་སྲིད་དང་མྱུར་སྐྱེལ”ཀྱི་མཉམ་ལས་འགག་གནད་སྒྲོལ་སར་བྱས་ཏེ་འགྲོ་སྐྱོད་བདེ་པོ་དང་། ཟོག་འགྲུལ་སྡེབ་སྐྱེལ། སྦྲག་སྲིད་བསྐུར་སྐྱེལ་བཅས“མཐའ་མའི་འགག་གནད”གསུམ་སྤྱི་འདོམས་འཆར་འགོད་བྱས་ནས་འགྲིམ་འགྲུལ་དང་། སྦྲག་སྲིད། མྱུར་སྐྱེལ་བཅས་ཀྱི་ཐོན་ཁུངས་མཉམ་སྤྱོད་ལ་སྐུལ་འདེད་བཏང་བས། ཞིང་འབྲོག་ཁུལ་གྱི་བསྐུར་སྐྱེལ་ཞབས་ཞུ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་ཞིང་འབྲོག་མང་ཚོགས་ཚོས་ཁྱིམ་གྱི་སྒོ་འགྲམ་ནས་བསྐུར་མ་བསྐུར་བ་དང་ལེན་ཐུབ་པ་བྱུང་ཡོད།
མ་མིག་ཤང་ན་མོ་ཆེན་གྲོང་ཚོའི་གྲོང་མི་བསྟན་འཛིན་ནོར་བུས་འབྱོར་མ་ཐག་པའི་བསྐུར་མ་འཁྱེར་ནས་དགའ་ཚོར་ཆེན་པོས“དེ་སྔ་དྲ་ཐོག་ནས་ཅ་ལག་ཉོ་སྐབས་སེམས་ཁྲལ་ཆེ་ཤོས་ནི་བསྐུར་མོ་ལེན་རྒྱུ་དེ་རེད། སྐབས་རེ་བརྡ་རྟགས་ཡག་པོ་མེད་པ་དང་ལམ་ཞོར་རླངས་འཁོར་མ་འཕྲད་ཚེ་ཉིན་མཁོའི་ཅ་དངོས་གཅིག་ཉིན་བཅུ་གྲངས་སྒུག་དགོས་ཀྱི་ཡོད། ད་ཆ་གྲོང་ཚོར་ཐད་ཀར་འབྱོར་གྱི་ཡོད་པས་རྒན་རྒོན་ཚོའི་རྒྱུན་མཁོའི་སྨན་རྫས་དང་འཚོ་བའི་མཁོ་ཆས་སོགས་ཁ་པར་ནས་ཉོས་ཚེ་ཉིན་གསུམ་ཙམ་ནང་ཁྱིམ་གྱི་སྒོ་རྩར་སྐྱལ་གྱི་ཡོད”ཅེས་བཤད།
“ད་ཆ། སྒེར་རྩེ་རྫོང་དུ་མྱུར་སྐྱེལ་དངོས་ཟོག་འབྱོར་ཚད་ཉིན་རེར་ཆ་སྙོམས་1514ནས་2015བར་མང་དུ་ཕྱིན་ནས་33.1%འཕར་བ་དང་བསྐུར་ཚད་5600ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་43.21%འཕར་ནས་འབྲོག་པར་ཟོག་འགྲུལ་ཤར་གཏོང་ཐུབ་པ་ལས་བྱུང་བའི་ཕན་པ་དངོས་ཐོབ་ཡོད”ཅེས་ཀྲུང་གོ་སྦྲག་སྲིད་ཚོགས་པ་ཚད་ཡོད་ཀུང་སི་བོད་རང་སྐྱོང་ལྗོངས་སྒེར་རྩེ་རྫོང་ཡན་ལག་ཀུང་སིའི་སྤྱི་ཁྱབ་ཅིང་ལི་པད་མ་སྒྲོལ་མས་བཤད།
ཕྱོགས་བཞི་མཚམས་བརྒྱད་ལ་ཁྱབ་པའི་ཟོག་འགྲུལ་ལམ་ཐིག་དང་ཕྱོགས་གཉིས་ཀྱི་འགྲོ་རྒྱུག་དེ་བས་བདེ་བླག་བྱུང་ཡོད། སྟབས་བདེ་དེ་ནི་ཡངས་ཤིང་རྒྱ་ཆེ་བའི་འབྲོག་ལམ་ཐོག་གི་མྱུར་སྐྱེལ་བ་ཚང་མས་ཉིན་ལྟར་དཀའ་སྤྱད་ལས་སྒྲུབ་དང་ཁ་འབྲལ་ཐབས་མེད།
འབྲོག་ཁུལ་གྱི་མྱུར་སྐྱེལ་ས་ཚིགས་ཁ་ཐོར་ཡིན་པ་དང་། ལས་མི་མི་འདང་བ། དཔུང་ཁག་བརྟན་པོ་མེད་པ་བཅས་ནི་སྐབས་ཤིག་རིང་མཇུག་སྣེའི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བའི་ཞན་ཆར་གྱུར་ཡོད། གནད་དོན་དེ་རིགས་ཐག་གཅོད་བྱ་ཆེད། སྒེར་རྩེ་རྫོང་གིས་ཁོངས་གཏོགས་ས་ཆའི་འགན་འཁྲི་དོན་འཁྱོལ་ཧུར་ཐག་བྱས་ནས་རྫོང་རིམ་པའི་ནོར་སྲིད་ཀྱི་འགྲོ་གྲོན་དཀོན་པའི་དོན་དངོས་ཁྱད་བསད་ཀྱིས་མཇུག་སྣེའི་ཞབས་ཞུའི་ལས་གནས་ཀྱི་མི་རེར་ཟླ་རེར་ཆེད་དོན་ལས་གནས་ཀྱི་ཁ་གསབ་སྒོར་1000སྤྲོད་ཀྱི་ཡོད། དེ་དང་ཆབས་ཅིག གྲོང་ཚོ་རིམ་པའི་ཞབས་ཞུའི་ས་ཚིགས་ཀྱི་ལས་མིར་བསྐུར་མའི་སྒམ་ནང་བླུགས་པའི་གླ་རག་ཐབས་བྱས་ནས་འབབ་འཕར་ཐབས་ལམ་རྒྱ་ཆེར་ནུས་ལྡན་བཏང་སྟེ་མཇུག་སྣེའི་ཞབས་ཞུ་བ“ཡིད་རྣལ་དུ་འབབ་ཐུབ་པ་དང་གནས་ཐུབ་པར”བྱས་ཡོད།
བསྐུར་མ་གྲོང་ཚོར་བསྐྱལ་བ་དང་། ཁྱད་ལྡན་ཐོན་རྫས་ཤང་ནས་ཕྱི་ཕྱོགས་སུ་འཚོང་བ། གྲོང་ཁྱེར་དང་གྲོང་གསེབ་ཏུ་ཤར་གཏོང་ཐུབ་པ། འབྲོག་པར་ཞབས་འདེགས་ཞུ་ཐུབ་པ་བཅས་ཀྱི་ཟོག་འགྲུལ་དྲ་ཆེན་ཞིག་ཆགས་ནས་ས་མཐོའི་ཞིང་འབྲོག་པ་བདེ་ཞིང་སྐྱིད་པའི་འཚོ་བ་སྐྱེལ་ཐུབ་པ་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།