བགྲང་བྱ་བཅུ་ཡི་འཕོ་འགྱུར་རྣམ་པ་མཚར། ལྗང་མདོག་ཐོན་ལས་རིག་གནས་མཉམ་འདྲེས་དར།
—— ལྷོ་ཁ་ས་ཁུལ་ནས་གྲོང་ཁྱེར་ལ་བསྒྱུར་བའི་ལོ་བཅུ་ཡི་རིང་གི་གྲ་ནང་རྫོང་གི་དཔལ་འབྱོར་དང་སྤྱི་ཚོཌ་འཕེལ་རྒྱས་ཀྱི་གྲུབ་འབྲས་སྐོར་གྱི་སྒྲིལ་གླེང་།

གྲ་ནང་རྫོང་གྲོང་ཡིན་པ།

གྲ་ནང་རྫོང་བསམ་ཡས་གྲོང་རྡལ་དུ་གཉེར་བའི་2026ལོའི་ཀྲུང་གོའི“གཏམ་རྒྱུད་ངོ་མཚར་ཅན”གྱི་འགྲན་སློང་འགྲན་བསྡུར་སྐབས་གཉིས་པའི(བོད་ལྗོངས། ལྷོ་ཁའི་ས་ཚིགས)ཀོ་གྲུ་འགྲན་བསྡུར་བྱ་ཡུལ་ཡིན་པ།

བྱེ་སྒང་ཁུལ་དུ་བསྐྲུན་པའི་སྐྱེ་ཁམས་གཡུ་གཞོང་སྟེ། བོད་ལྗོངས་སྔོ་ལྗང་འབྱུང་ཁུངས་དེང་རབས་ཞིང་ལས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིའི་སྔོ་ཚལ་རྟེན་གཞི་ཡིན་པ།

གྲ་ནང་རྫོང་ཁོངས་ཀྱི་ལྷ་ས་ནས་ལྷོ་ཁའི་བར་གྱི་S5གཞུང་ལམ་ཡིན་པ།

གྲ་ནང་རྫོང་ཁོངས་ཀྱི་ཡར་ཀླུང་གཙང་པོའི་ལྗོངས་གཟིགས་སྒང་ཡིན་པ། (པར་ངོས་འདིའི་པར་རིས་ཚང་མ་གྲ་ནང་རྫོང་ཨུད་དྲིལ་བསྒྲགས་པུས་མཁོ་འདོན་བྱས)
2016ལོར་ལྷོ་ཁ་ས་ཁུལ་ནས་གྲོང་ཁྱེར་ལ་བསྒྱུར་བས་ཡར་ཀླུང་ས་གཞི་ཆེ་མོ་འཕེལ་རྒྱས་ཀྱི་དུས་མཚམས་གསར་རྐྱང་ཞིག་ཏུ་སླེབས།
ལོ་བཅུ་དཀའ་སྤྱད་འབད་འབུངས་བྱས་པ་བརྒྱུད། གྲ་ནང་རྫོང་གི་ཞིང་ལས་དང་། རིག་གནས། ཡུལ་སྐོར། ཐོན་ལས་བཅས་མཉམ་འདྲེས་གཏིང་ཟབ་བྱུང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོམ་སྟབས་སྔར་བས་བརྟན་དུ་སོང་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2016ལོ་ནས་2025ལོ་བར་རྫོང་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་10.70ནས་སྒོར་དུང་ཕྱུར་25.89བར་འཕར་བ་དང་། སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་ཁྲི་7070ནས་སྒོར་དུང་ཕྱུར་3.7བར་འཕར་བ། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་9560ནས་སྒོར་24945བར་འཕར་ཡོད།
ད་ཆ་གྲ་ནང་གི་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་མཛེས་རིས་འདི་ཡར་ཀླུང་གཙང་པོའི་ངོགས་ནས་དལ་གྱིས་མངོན་བཞིན་མཆིས།
བྱེ་མ་བཅོས་སྒྲིག་དང་རྩི་ཤིང་འདེབས་འཛུགས་བྱས་ཏེ་སྐྱེ་ཁམས་ཀྱི་ས་རྒྱུ་གཤིན་པོ་བཏོད་པ།
དབྱར་གཞུང་དུ་ཡར་ཀླུང་གཙང་པོའི་གྲ་ནང་དུམ་བུའི་ངོགས་གཉིས་སྔོ་ཐིང་ངེར་འགྱུར་ཏེ་སྐྱེ་སྟོབས་ཀྱི་གསོན་ཤུགས་འབར་བཞིན་མཆིས།
བྱེ་འཇགས་རྩི་ཤིང་ཡུག་དང་ཡུག་སྔོ་ཐིང་ངེར་སྐྱེས་པ་དང་སྡོང་ཕྲུག་རྟེན་གཞི་གླིང་དང་གླིང་རིམ་པ་སྟར་ཆགས་སུ་གནས། སྔོ་ལྗང་གཡུ་ལོས་རབ་ཏུ་བརྒྱན་པའི་མཛེས་ལྗོངས་དེ་དག་མཐོང་སྐབས་སྔོན་མ་འདི་གར་བྱེ་རླུང་ཤུགས་ཆེ་ཞིང་རྩྭ་རྩི་ཤིང་དཀོན་པའི་ས་ཆ་ཞིག་ཡིན་པ་བསམ་བློའི་ཡུལ་ལ་འཁོར་དཀའ།
རི་སྔོན་ཆུ་དྭངས་ནི་གྲ་ནང་རྫོང་གི་སྐྱེ་ཁམས་ཀྱི་རང་མདངས་གསལ་ཤོས་དེ་རེད་ལ། རྫོང་ཁོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གདེང་ཚོད་དང་རྨང་གཞི་ཟབ་ཤོས་དེའང་རེད། ལོ་བཅུ་ཡི་རིང་གྲ་ནང་རྫོང་གིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། རིམ་རྩིས་བརྒྱབ་ན་ཤིང་འཛུགས་ནགས་གསོ་མུའུ་ཁྲི་15ཙམ་བྱས་ནས་བྱེ་ཕུང་རྣམས་ལྗང་མདོག་གི་ཞིང་ཁམས་ལ་བསྒྱུར་ཡོད། སྐྱེ་ཁམས་འཛུགས་སྐྱོང་གི་གྲུབ་འབྲས་བརྟན་པོར་བརྟེན་ནས་རང་སྐྱོང་ལྗོངས་རིམ་པའི་ནགས་རྩྭའི་ཐཱན་འདུས་རྣམས་གྲངས་གསར་སྤེལ་གྱི་ཚོད་ལྟའི་རྫོང་གི་ཆོག་མཆན་བདེ་བླག་ངང་ཐོབ་པ་དང་། ལོ་ལྟར་ཐཱན་འདུས་བྱེད་ཚད་ཏུན་ཁྲི་1.2ཟིན་ཏེ་སྐྱེ་ཁམས་སྲུང་སྐྱོང་དང་རིན་ཐང་གཞན་སྒྱུར་གཉིས་ཀར་མཐུན་རྐྱེན་སྦྱར་ཡོད། རྒྱལ་ཁབ་ས་ཆའི་ལྟ་འདོམས་པའི་ཆེད་བསྐོས་ལས་གནས་62གསར་དུ་བཙུགས་ཏེ་རྒྱུན་རྣམ་ཅན་གྱི་སྒོ་ནས་ཁུལ་ཡོངས་ཀྱི་སྐྱེ་ཁམས་སྐོར་ཞིབ་དང་། རྩི་ཤིང་བདག་སྐྱོང་། བྱེ་ས་ལྟ་འདོམས་བཅས་ཀྱི་ལས་དོན་སྤེལ་བ་དང་། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་དང་ནགས་དཔོན་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་ཕྱོགས་མཚམས་ཀུན་ལ་ཁྱབ་པའི་རྒྱུན་རྣམ་ཅན་གྱི་སྐྱེ་ཁམས་བདག་སྐྱོང་མ་ལག་བཙུགས་ཁར། ཤང་དང་གྲོང་རྡལ་5དང་གྲོང་ཚོ(སྡེ་ཁུལ)58བདེ་བླག་ངང་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ལ་འཛུགས་གཏོད་བྱས་ཏེ། རྫོང་ཁོངས་ཀྱི་ཁྱད་ལྡན་ཞིང་ལས་སྤུས་འབྲས་ལེགས་གཉེར་དང་གྲོང་གསེབ་ཀྱི་སྐྱེ་ཁམས་ཡུལ་སྐོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་སྐྱེ་ཁམས་ཀྱི་རྨང་གཞི་བཏིང་ཡོད།
འཁོར་འབྲེལ་ལ་དམིགས་ནས་ཐོན་ལས་དར་རྒྱས་བཏང་སྟེ་དམངས་ཕྱུག་གི་རྨང་གཞི་བརྟན་དུ་བཏང་བ།
གྲ་ནང་རྫོང་དུ་གནས་པའི་ཀྲུང་ཁྲེ་ལྷོ་ཁ་ནུས་རྒྱུ་གཙང་མའི་སྒྲིག་ཆས་ཐོན་ལས་གླིང་ནི་རང་ལྗོངས་ཀྱི་ནུས་རྒྱུ་གཙང་མའི་སྒྲིག་ཆས་ཐོན་ལས་གླིང་གི་རྣམ་གྲངས་དང་པོ་དེ་རེད་ལ། མིག་སྔར་གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་ཀྱི་ནུས་རྒྱུ་གཙང་མའི་སྒྲིག་ཆས་ཐོན་སྐྱེད་རྟེན་གཞི་ཞིག་ཀྱང་རེད། ཧུའུ་ནན་ཀྲུའུ་ཀྲོའུ་ཡི་ཁ་གཏད་བོད་སྐྱོར་རོགས་སྐྱོར་ཐོན་ཁུངས་ལ་བརྟེན་ནས་ཐོན་ལས་གླིང་གིས་ལག་རྩལ་ཞིབ་སྤེལ་དང་། ཐོན་སྐྱེད་བཟོ་སྐྲུན། གཉེར་སྐྱོང་དོ་དམ། རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་བཅས་ཀྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་མ་ལག་བཏོད་དེ་ལྷུ་ཚིགས་ཧྲིལ་པོར་ས་གནས་དེ་གའི་ངལ་རྩོལ་ནུས་ཤུགས་ལས་ཀར་བསྡུས་ནས་མང་ཚོགས་ཁྱིམ་གྱི་སྒོ་རྩ་ནས་ཕྱུག་འགྱུར་ལམ་བུར་སྐྱོད་ཐུབ་པ་བྱས་ཡོད།
ལོ་བཅུའི་རིང་། དངོས་སྒྲུབ་ཏན་ཏིག་བྱས་པས་འགྱུར་ལྡོག་ཆེན་པོ་བྱུང་ཡོད། གྲ་ནང་རྫོང་གིས་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་3སྐྱེད་སྲིང་བྱས་ནས་ལྗོངས་ཡོངས་ཀྱི་ནུས་རྒྱུ་གཙང་མའི་སྒྲིག་ཆས་བཟོ་སྐྲུན་གླིང་ཐོག་མ་དང་། འོད་ཤུགས་དང་བྱེ་བཅོས་ཟུང་འབྲེལ་གྱི་དཔེ་སྟོན་ལས་གྲྭ་ཐོག་མ་བསྐྲུན་ནས། འོད་ཤུགས་རྣམ་གྲངས་གསུམ་བདེ་བླག་ངང་དྲ་སྦྲེལ་ཐུབ་ནས་གློག་བཏང་སྟེ་ལྗང་མདོག་ནུས་རྒྱུའི་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཡོད། མི་རིགས་ལག་ཤེས་བཟོ་ལས་གླིང་དངོས་སུ་སྤྱོད་འགོ་ཚུགས་ཤིང་། སྣམ་བུ་འཐག་པ་དང་། སྤོས་བཟོ་བ། ཤིང་བརྐོས་སོགས་ཁྱད་ལྡན་སྲོལ་རྒྱུན་ཐོན་ལས་ཀྱི་སྤུས་ཚད་མཐོ་འདེགས་རིམ་སྤོར་བྱུང་ནས་གཞི་ཁྱོན་རགས་ཙམ་ཆགས་ཡོད། གླེང་རིན་ཡོད་པ་ཞིག་ལ་2025ལོར་གྲ་ནང་རྫོང་གི་དཔལ་འབྱོར་འཕར་ཚད་ལྷོ་ཁ་གྲོང་ཁྱེར་གྱི་རྫོང(ཆུས་དང་གྲོང་ཁྱེར)12ཀྱི་ཨང་དང་པོར་སླེབས་ནས་ཐོན་ལས་འཕེལ་རྒྱས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད།
ཐོན་ལས་ལ་སྤུས་འབྲས་ལེགས་གཉེར་བྱུང་བ་དང་དུས་མཚུངས་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་གོམ་སྟབས་བརྟན་དུ་ཕྱིན་ཞིང་། རྫོང་ཡོངས་ཀྱིས་དེང་རབས་ཐོན་ལས་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི་2.88གསར་སྦོལ་དང་སྒྱུར་བཀོད་བྱས་པ་དང་། 2025ལོར་འབྲུ་རིགས་ཐོན་འབབ་ཏུན་ཁྲི་2.79ཟིན་ནས་ལོ་ལྔ་བསྟུད་མར་ཐོན་བརྟན་འབབ་ཆེ་བྱུང་སྟེ་རྒྱལ་ཁབ་རིམ་པའི་ཞིང་ལས་དེང་རབས་ཅན་གྱི་དཔེ་སྟོན་ཁུལ་དུ་བདམས་ཡོད།
མངོན་མིན་རིག་གནས་ཤུལ་བཞག་གིས་ཡུལ་སྐོར་ལ་རམ་འདེགས་བྱས་ནས་དུས་རབས་ཀྱི་ངོ་མཚར་བཏོད་པ།
ལོ་བཅུ་འབད་བརྩོན་གྲོགས་སུ་བསྟེན། བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྨོན། ལོ་བཅུའི་རིང་གྲ་ནང་རྫོང་གིས་རིག་གནས་ཡུལ་སྐོར་ཐད་མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་ཞིང་། རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་1.2ཙམ་བཏང་སྟེ་རིག་གནས་ཡུལ་སྐོར་གྱི་གཙོ་གནད་རྣམ་གྲངས་11བསྐྲུན་པ་དང་སྤུས་འབྲས་ལེགས་གཉེར་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། བསམ་ཡས་དགོན་སོགས་མཚོན་བྱེད་རང་བཞིན་གྱི་རིག་གནས་IPལ་བརྟེན་ནས་བོད་ཀྱི་ལོ་རྒྱུས་རིག་རྒྱུན་དང་། ཡར་ཀླུང་གཙང་པོའི་སྐྱེ་ཁམས་མཛེས་ལྗོངས། ས་མཐོའི་བྱེ་ཐང་གི་ཁྱད་ལྡན་ཐོན་ཁུངས་བཅས་སྔོག་འདོན་གཏིང་ཟབ་དང་ཁྱད་ལྡན་སྤུས་ལེགས་ཀྱི་ཡུལ་སྐོར་ལམ་ཐིག་མང་པོ་འཆར་འགོད་ཞིབ་ཚགས་བྱས་ཏེ་མི་ཆོས་རིག་གནས་ཞིབ་སློབ་དང་། སྐྱེ་ཁམས་སྤྲོ་གསེང་། གྲོང་གསེབ་ལ་ཉམས་ལེན་སོགས་སྣ་མང་མཉམ་འདྲེས་དང་ས་ཁོངས་ཧྲིལ་པོར་ཁྱབ་པའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་བཏོད་དེ་རྫོང་ཁོངས་རིག་གནས་ཡུལ་སྐོར་གྱི་ལས་རྣམ་དེ་ཐར་ཐོར་ནས་ཚོ་འདུས་ཕྱོགས་སུ་འཕེལ་རྒྱས་བཏང་ཡོད།
རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཚ་རླབས་ལ་བརྟེན་ནས་གྲ་ནང་རྫོང་གིས“སྤུ་ཕྲུག་སྣམ་བུའི་ཕ་ས། ཐགས་སུ་མཛེས་པའི་གྲ་ནང”ཞེས་པའི་རིག་གནས་ཡུལ་སྐོར་གྱི་མིང་བྱང་རྒྱུན་མཐུད་སྐད་གྲགས་ཆོད་པར་བྱས་ཡོད། དྲ་ཐོག་ཏུ་ས་ཁོངས་ཧྲིལ་པོའི་དྲིལ་བསྒྲགས་འོས་སྦྱོར་དང་དྲ་ཕྱིར་ཁྱད་ལྡན་བྱེད་སྒོ་མཉམ་འགུལ་ངང་སྤེལ་ཏེ་ས་མཐོའི་བྱེ་སྒང་གཞོན་ནུའི་སྒྱུ་རྩལ་དུས་ཚིགས(བྱེ་སྒང་རོལ་དབྱངས་དུས་ཚིགས)རླབས་རྒྱུན་གྱི་རིག་གནས་ཡུལ་སྐོར་IPཧུར་ཐག་བཏོད་དེ་རྫོང་ཁོངས་ཀྱི་རིག་གནས་ཡུལ་སྐོར་གྱི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་མུ་མཐུད་ཆེ་རུ་བཏང་ཡོད། 2025ལོར། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་1.16ཟིན་ནས་རིག་གནས་ཐོན་ལས་ཀྱི་ཚོང་གཉེར་ཡོང་འབབ་དུས་མཚུངས་ལས་23.39%འཕར་བ་དང་། རིག་གནས་ཡུལ་སྐོར་གྱི་དཔལ་འབྱོར་གསོན་ཤུགས་ཕྱོགས་ཡོངས་ནས་འཕེལ་ཡོད།
རིག་གནས་ཡུལ་སྐོར་གྱིས་གཟུགས་བརྙན་བཏོད། མངོན་མིན་ཤུལ་བཞག་གིས་བླ་སྲོག་བཏོད། གྲ་ནང་རྫོང་གིས་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་གང་ལེགས་སྤྱད་དེ་ཞིང་ལས་དང་། རིག་གནས། ཡུལ་སྐོར་བཅས་དང་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་བཏང་ནས་སྲོལ་རྒྱུན་གྱི་ལག་ཤེས་དེ་རི་ཁུག་ནས་ཐོན་ཏེ་ཐོན་ལས་ལ་མཐུན་རྐྱེན་སྦྱར་བ་དང་། ལག་རྩལ་གསོ་སྦྱོང་དང་། ལག་ཤེས་པ་གསོ་སྐྱོང་། རྒྱུན་འཛིན་ལག་ལེན་བཅས་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་ཏེ་བོད་ཀྱི་གནའ་བོའི་ལག་རྩལ་དེ་སྲོལ་རྒྱུན་གྱི་ལག་ཤེས་ནས་དམངས་ཕྱུག་ཡུལ་དར་གྱི་ཁྱད་ལྡན་ཐོན་ལས་སུ་འགྱུར་བར་བྱས་ཡོད།
འཕེལ་རྒྱས་བཟང་པོའི་གོ་སྐབས་དམ་འཛིན་བྱེད། འབད་འབུངས་མདུན་སྐྱོད་ལམ་བུ་གསར་པ་བཏོད། འཕེལ་རྒྱས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་གྲ་ནང་རྫོང་གིས་སྐྱེ་ཁམས་སྔོན་འཇོག་དང་། ལྗང་མདོག་འཕེལ་རྒྱས། ཐོན་ལས་དམངས་ཕྱུག་ཡོང་བ་བཅས་ཀྱི་འཕེལ་རྒྱས་ཀྱི་སྟོན་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། རྫོང་ཁོངས་དཔལ་འབྱོར་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་གཏོང་བའི་རྒྱང་ལམ་གསར་པའི་ཐོག་ལེའུ་གསར་པ་མུ་མཐུད་རྩོམ་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།