དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ལ་བརྒྱབ་ཀླུང་བརྒྱབ་ཀྱིས་ཡུལ་ཟོག་འཚོང་བར་འགྲོ་བ་ནས་སྒོ་རྩར་ཉོ་འཚོང་བྱེད་པའི་བར་གྱི་འགྱུར་ལྡོག

    ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་ལྷ་རྩེ་ཤང་གི་མང་ཚོགས་རང་བཞིན་གྱི་ཚོང་འདུས་ཀྱི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-24

    “དེ་སྔ་སྙི་བ་དང་ཚགས་ཤ་སྐམ་པོ་སོགས་འཚོང་བར་ལ་བརྒྱབ་ཀླུང་བརྒྱབ་ཀྱིས་རྫོང་གྲོང་དུ་བསྐྱོད་དགོས། ད་ཆ་སྲིད་གཞུང་གིས་རང་སོ་སོའི་སྒོ་རྩར་ཁྲོམ་བཀྱག་བཙུགས་པའི་ཁར་ད་དུང་ལག་ཐོགས་ཁ་པར་ནས་དངུལ་ལེན་སྟངས་ཀྱང་བསླབས་པས། ད་བར་སྒོར་ཉིས་སྟོང་ལྷག་ཙམ་རག་བྱུང” ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་ལྷ་རྩེ་ཤང་སྲིད་གཞུང་གི་སྒོ་རའི་ནང་ཡུལ་མི་སྐལ་ལྡན་གྱིས་ལག་ཐོགས་ཁ་པར་བརྒྱུད་དེ་དངུལ་ལེན་བཞིན་གདོང་ནས་དགའ་སྤྲོའི་འཛུམ་མདངས་འཕྱུར།

    འདི་ནི་དཔལ་འབར་རྫོང་ལྷ་རྩེ་ཤང་སྲིད་གཞུང་གི་སྒོ་རའི་ནང་གི་མང་ཚོགས་རང་བཞིན་གྱི་ཚོང་འདུས་རེད། ནམ་ལངས་མ་ཐག་ཤང་གི་ལས་བྱེད་པ་ཚོས་སྒྲོག་ཙེ་སྒྲིག་པ་སོགས་བྱས་ནས་སྒོ་ར་ཆེན་པོ་དེ་ཁྲོམ་འདོན་སར་བཟོས་རྗེས། ས་གནས་དེ་གའི་ཞིང་འབྲོག་པ་ཚོ་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་སྟེ་སྙི་བ་དང་། ཚགས་ཤ་སྐམ་པོ། ཁ་གདན་སོགས་རང་ཁྱིམ་གྱི“ནོར་བུ”ཚང་མ་བཏོན་ནས་དེ་གར་བཤམས།

    མི་ཚོགས་མང་ཤོས་ཀྱི་ཞིང་ཞོར་ཐོན་རྫས་ཉོ་འཚོང་ཁུལ་དུ། ཡུལ་མི་ཚོས་བྱང་ཆ་ཆེན་པོས་སོ་སོའི་དངུལ་སྡུད་བཤེར་རྟགས་སྟོན་ཏེ“མཛུབ་རྩེ་ནས་ཉོ་ཚོང་གི་བྱ་བར་རོལ” འཁྲིས་ཀྱི་དབྱར་རྩྭ་དགུན་འབུ་ཆེད་འཚོང་ཁུལ་ནི“ཚོང་པ་བྱང་མ”རྣམས་ཀྱི་ཚོང་རྒྱག་ས་ཡིན་པས། ཉོ་ཚོང་ཕྱོགས་གཉིས་པོས་ཕུ་ཐུང་ནང་ནས་རིན་གོང་བསྒྲིགས་ཏེ་གནའ་བོའི་སྲོལ་རྒྱུན་གྱི་ཚོང་རྒྱག་སྟངས་ལྟར་དབྱར་རྩྭ་དགུན་འབུ་ཉོ་འཚོང་བྱེད་བཞིན་ཡོད།

    གལ་སྲིད་ཉོ་འཚོང་ཁུལ་དེ“མི་རྒན”ཚོ་འཛོམས་ས་རེད་ཟེར་ན། སིལ་ཟས་ཁུལ་དང་རོལ་རྩེད་ཁུལ་ནི་གཞོན་ནུ་ཚོའི་དགའ་ཚལ་ཡིན། སུར་པན་བརྒྱབ་པའི་བོད་ཐུག་དང་གྲང་ཐིང་ཐིང་གི“ཡིད་འཚིམ་ཆུ”པི་ཙི་གང་ལོངས་སྤྱོད་བྱེད་པ་ནི་མི་མང་ཆེ་བའི་གདམ་ག་རེད། ཨ་ཕ་བཀྲ་ཤིས་ཀྱིས་ཚ་བོ་ཁྲིད་དེ་སིལ་ཟས་ཁུལ་དུ་གང་ཞིམ་གང་མངར་ཟོས་རྗེས་རོལ་རྩེད་ཁུལ་དུ་བསྐྱོད་དེ་ཨ་ལོང་གཡུགས་ནས་རྩེད་ཆས་ཤིག་ཀྱང་བླངས་པས། ཁོང་གིས“དེ་རིང་ཁ་ལག་ཡག་པོ་ཟ་རྒྱུ་བྱུང་བ་མ་ཟད། ད་དུང་བྱ་དགའ་ཞིག་ཀྱང་རག་བྱུང”ཞེས་བརྗོད།

    ཚོང་འདུས་དེར་ཉོ་འཚོང་ཁུལ་ཁོ་ན་ཙམ་མ་ཡིན་པར་སྲིད་ཇུས་དྲིལ་བསྒྲགས་ཁུལ་ཡང་ཡོད། ཤང་གི་ལས་བྱེད་པས་བོད་སྐད་ཐོག་ནས་ད་ལོའི་ཞིང་ཕན་ཁ་གསབ་སྐོར་འགྲེལ་བཤད་བརྒྱབ་པ་དང་། འོས་འགན་སྨན་བཅོས་ཁུལ་དུ། ཤང་འཕྲོད་བསྟེན་ཁང་གི་སྨན་པ་ཚོས་གནས་སྐབས་བརྟག་བཅོས་ལས་སྟེགས་བཙུགས་ནས་བང་རིང་པོ་བསྒྲིགས་པའི་མང་ཚོགས་ཚོར་ཁྲག་ཤེད་ལྟ་བ་དང་རྒྱུན་གཏན་གྱི་སྨན་སྟེར་བ་སོགས་བྱས་ནས་བདེ་ཐང་ཞབས་ཞུ་མང་ཚོགས་ཀྱི་སྒོ་རྩར་བསྐྱལ།

    “ཐེངས་གོང་མའི་ཚོང་འདུས་གཉེར་སྐབས། དང་ཐོག་ཡུལ་མི་ཚོས་ཡིད་ཆེས་དེ་ཙམ་བྱེད་ཀྱི་མི་འདུག རྗེས་སུ་ཉིན་དེའི་ཉོ་འཚོང་དངུལ་འབོར་སྒོར་ཁྲི་3ཟིན་པ་ཤེས་རྗེས་ཚང་མའི་ཧུར་སེམས་ཆེ་རུ་ཕྱིན་ནས་ཁྲོམ་བཀྱག་ལྡབ་གཅིག་ལྷག་འཕར་ཏེ་མང་ཚོགས་600ལྷག་སླེབས་སོང”ཞེས་ལྷ་རྩེ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཆིའུ་ཀྲུང་ཝུའེ་ཡིས་བཤད། བསྡོམས་རྩིས་བྱས་པར་གཞིགས་ན། ཐེངས་འདིའི་བྱེད་སྒོའི་ཉོ་འཚོང་དངུལ་འབོར་སྒོར་ཁྲི་6.2ཟིན་ནས་ཐེངས་དང་པོ་དང་བསྡུར་ན་ལྡབ་གཅིག་འཕར་ཡོད་པ་རེད།

    “ལས་བྱེད་པས་གར་སྟེགས་བསྐྲུན་པ”ནས“མང་ཚོགས་ཀྱིས་ཟློས་གར་འཁྲབ་པའི”བར་དང་། “ལྟད་མོར་ལྟ་བ”ནས“ཧུར་ཐག་སྒྲུབ་པའི”བར། ལྷ་རྩེ་ཤང་གི་མང་ཚོགས་རང་བཞིན་གྱི་ཚོང་འདུས་ཐོག་ཞིང་འབྲོག་མང་ཚོགས་ཀྱི་ཐོན་ཟོག་བྲིན་ཁ་རྒྱུག་ཐུབ་པ་མ་ཟད། ཁོང་ཚོའི་སེམས་ལ་དྲོ་སྐྱིད་ཀྱང་སྦྱིན་ཡོད། མིག་མཐོང་ལག་ཟིན་ཐུབ་པའི་དར་རྒྱས་ལམ་བུ་འདི་ནི་དབྱར་དུས་ཀྱི་རྩྭ་ཐང་ཇི་བཞིན་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།