དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ཐུམ་སྒྲིལ་ཁྲི་39.1གྲོང་ཚོར་ཐད་ཀར་བསྐྱལ་བ།

    ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཟོག་འགྲུལ་དྲ་བ་ཚགས་དམ་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-24

    ད་ཆ“མྱུར་སྐྱེལ་གྲོང་ཚོར་སྐྱོད”ཅེས་པའི་མཚོན་རྟགས་སྦྱར་བའི་རླངས་འཁོར་ཁྱིམ་གྱི་སྒོ་རྩར་ཐད་ཀར་ཁ་བཀག་པ་དང་ཆབས་ཅིག ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཕོ་བྲང་ཤང་མདའ་ཐང་གྲོང་ཚོའི་ཚེ་རིང་བག་གྲོས་དེ་སྔ་ཆེད་མངགས་ཤང་དུ་ཐུམ་སྒྲིལ་ལེན་པར་འགྲོ་བའི་ལོ་རྒྱུས་མཇུག་འགྲིལ་ཞིང་། སྔོན་ཆད་ཀྱི་རྙོག་དྲ་ཆུང་ཆུང་དེ་དག་ད་ཆ་ཁོང་དང་ཡུལ་མི་ཚོས་རྒྱུན་དུ་བརྗོད་པའི་འདས་དོན་ཞིག་ཏུ་གྱུར་ཡོད།

    དེ་ནི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་འཕོ་འགྱུར་གྱི་མཚོན་བྱེད་ཡིན་པ་མ་ཟད། ཀྲུང་གོ་སྦྲག་སྲིད་མྱུར་སྐྱེལ་ལས་རིགས་ཀྱིས་ལོ་14བསྟུད་མར་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་བཀོད་སྒྲིག་དོན་འཁྱོལ་བྱས་པ་ཞིག་ཀྱང་རེད། 2026ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང“གྲོང་གསེབ་ཀྱི་བསྐུར་སྐྱེལ་ཟོག་འགྲུལ་སྒྲིག་བཀོད་མཉམ་སྐྲུན་མཉམ་སྤྱོད་ལ་རྒྱབ་སྐྱོར་བྱས་ནས་གྲོང་གསེབ་ཀྱི་འགྲུལ་ཟོག་སྦྲག་གསུམ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཐུན་མོང་སྡེབ་སྐྱེལ་ཁྱབ་གདལ་བཏང་ནས་མྱུར་སྐྱེལ་གྲོང་ཚོར་སྐྱེལ་བར་སྐུལ་འདེད་གཏིང་ཟབ་གཏོང་དགོས་ལུགས”སླར་ཡང་ནན་བཤད་བྱས་ཡོད། སྣེ་གདོང་ཆུས་ཀྱིས་ལག་ལེན་ཏན་ཏིག་བསྟར་བ་བརྒྱུད་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཁོར་རྒྱུག་དང་འབྲེལ་བའི་དུས་རབས་ཀྱི་རྒྱུགས་གཞིར་རང་ཉིད་ཀྱི་ལན་འདེབས་བཞིན་ཡོད་པ་རེད།

    “དེ་སྔ་གྲོང་ཚོར་མྱུར་སྐྱེལ་ས་ཚིགས་མེད་པས་ཐུམ་སྒྲིལ་ཚང་མ་ཤང་དུ་ལེན་པར་འགྲོ་དགོས་ཀྱི་ཡོད། གནམ་གཤིས་ཡག་པའི་དུས་སུ་གློག་སྒུལ་སྦག་སྦག་བཞོན་ནས་ཐེངས་གཅིག་བསྐྱོད་དགོས་བྱུང་ཡང་སྐྱོན་དེ་ཙམ་མེད། འོན་ཀྱང་གངས་ཆར་འབབ་པའི་དུས་སུ་ལམ་དུ་སྐྱོད་དཀའ་བར་བརྟེན་བསྐུར་མ་དེ་ཁུར་པོ་ཞིག་ཏུ་གྱུར་གྱི་ཡོད”ཅེས་ཚེ་རིང་བག་གྲོས་ཕྱིར་དྲན་བྱེད་བཞིན་བཤད་པའི་སྐད་ཆ་དེ་ཐོག་ནས་ཐག་རིང་ལུང་ཁུག་ས་ཁུལ་གྱི་ཞིང་འབྲོག་མང་ཚོགས་མི་ཉུང་བ་ཞིག་གི་ཐུན་མོང་གི་འཕྲལ་མཁོ་མཚོན་གྱི་ཡོད།

    ཉེ་བའི་ལོ་ཤས་རིང། ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་གྲོང་གསེབ་ཀྱི་བསྐུར་སྐྱེལ་ཟོག་འགྲུལ་མ་ལག་འཛུགས་པ་དེ་དམངས་འཚོའི་བྱ་བ་དངོས་ལ་བརྩིས་ནས་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། སྣེ་གདོང་ཆུས་ཀྱིས་སྦྲག་སྲིད་དང་། ཀྲུང་ཐུང་། ཡོན་ཐུང་སོགས་མྱུར་སྐྱེལ་ཁེ་ལས་8ཀྱི་ཐོན་ཁུངས་གསར་གཏོད་ཀྱིས་བསྡུ་སྒྲིལ་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་སྤྱོད་ལམ་དྲ་སྤྱི་འདོམས་བྱས་ནས“སྦྲག་སྲིད་མྱུར་སྐྱེལ་མཉམ་ལས་དང་འགྲུལ་ཟོག་སྦྲག་གསུམ་མཉམ་འདྲེས”ཀྱི་གྲོང་གསེབ་ཀྱི་ཟོག་འགྲུལ་རྣམ་པ་གསར་པ་བཏོད་དེ་སྲིད་འཛིན་གྲོང་ཚོའི(སྡེ་ཁུལ)སྐུར་སྐྱེལ་ཞབས་ཞུའི་ས་ཚིགས་50བསྐྲུན་ནས་སྐུར་སྐྱེལ་ཟོག་འགྲུལ་གྱི“མཐའ་མའི་འགག་གནད”བདེ་བླག་ངང་བསལ་ཡོད།

    གྲངས་གཞིའི་རྒྱབ་ངོས་ནི་དངོས་དངོས་རྗེན་རྗེན་གྱི་ཐོབ་ཚོར་ཞིག་རེད། 2025ལོར་སྣེ་གདོང་ཆུས་ཀྱི“གྲོང་ཚོར་སྐྱེལ་བའི”མྱུར་སྐྱེལ་ཐུམ་སྒྲིལ་བསྡོམས་འབོར་ཁྲི་39.1ཟིན་ཡོད། དེའི་ནང“སྦྲག་མྱུར་མཉམ་ལས”ཀྱི་རྣམ་པ་བརྒྱུད། ཐུམ་སྒྲིལ་ཁྲི་34འཕྱུགས་མེད་བསྐྱལ་བ་དང་། ཐུམ་སྒྲིལ་ཁྲི་5.1“འགྲུལ་ཟོག་སྦྲག་གསུམ་མཉམ་འདྲེས”ཀྱི་རྣམ་པར་བརྟེན་ནས་སྡེབ་སྐྱེལ་ནུས་ཆེ་བྱས་པས་ཟོག་འགྲུལ་ཤར་གཏོང་ཐུབ་ཚད་དང་ནུས་ཡུན་རང་བཞིན་ཆེ་རུ་ཕྱིན་ཡོད། དེ་ཐོག་ནས་ཆ་སྙོམས་ཉིན་རེར་ཐུམ་སྒྲིལ་1000ལྷག་ཙམ་ཐོགས་མེད་ངང་གཞི་རིམ་གྱི་གྲོང་ཚོར་འབྱོར་ཐུབ་པ་མཚོན་གྱི་ཡོད་པ་རེད།

    སྣེ་གདོང་ཆུས་ཀྱི་གྲོང་གསེབ་ཀྱི་བསྐུར་སྐྱེལ་ཟོག་འགྲུལ་གྱི“མཐའ་མའི་འགག་གནད”དེ་ད་ཆ་དམངས་འཚོར་ཞབས་འདེགས་ཞུ་བའི“བར་ཐག་ཉེ་ཤོས”དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི“སྒུལ་ཤུགས་ཆེ་ཤོས”སུ་འགྱུར་བཞིན་ཡོད་པ་རེད། འབྱུང་འགྱུར་གྲོང་གསེབ་ཀྱི་བསྐུར་སྐྱེལ་ཟོག་འགྲུལ་མ་ལག་སྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང“རིག་ནུས་ཟོག་འགྲུལ”གྱི་བཀོལ་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་དེའང་སྣེ་གདོང་ཆུས་ཀྱི་ཤུགས་རྒྱག་ས་གཙོ་བོར་འགྱུར་རྒྱུ་དང་། ལམ་འདིའི་སྟེང་དུ་བསྐྱོད་པའི་སྣེ་གདོང་ཆུས་ཀྱི་གོམ་སྟབས་ནི་སྲ་ཞིང་བརྟན་ལ་ནུས་པ་ལྡན་པ་ཞིག་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།