དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་བུ་མོ་བདེ་ཆེན་ཆོས་མཚོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-24

    བདེ་ཆེན་ཆོས་མཚོ་ནི་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་སྐྱ་འབེལ་ཤང་གི་ཞིང་འབྲོག་པ་ཕལ་པའི་ཁྱིམ་ཚང་ཞིག་གི་བུ་མོ་རྒན་ཤོས་དེ་ཡིན་པ་དང་ཁྱོན་གཅེན་གཅུང་8ཡོད། ཁོ་མོས་ཧ་གཉིད་གོ་བ་ནས་བཟུང་རང་ཉིད་ན་མཉམ་ཚོ་ལས་གྱོང་བ་ཞིག་བྱེད་དགོས་པ་ཤེས་ཀྱི་ཡོད། དེ་ལྟར་ཕ་མ་གཉིས་ཞིང་ལས་ལ་བྲེལ་དུས་ཁོ་མོས་རྟག་དུ་གཅུང་པོ་དང་གཅུང་མོར་ལྟ་རྟོག་བྱེད་པ་མ་ཟད་ད་དུང་ཆུ་ལེན་པ་དང་ཇ་སྐོལ་བ་སོགས་ནང་ལས་ཙག་ཙིག་ཀྱང་བྱེད་ཀྱི་ཡོད།

    ལོ་12ལ་སླེབས་སྐབས་ཁོ་མོས་ཁ་ལག་བཟོ་ཤེས། “གཅུང་པོ་དང་གཅུང་མོ་ཚོ་ལྟོགས་པར་མི་ལུས་པ་དང་། ཕ་མ་གཉིས་ཞིང་ལས་ཚར་ནས་ཁྱིམ་དུ་ལོག་སྐབས་ལྟོ་ཆས་ཚ་པོ་ཞིག་བཟའ་རྒྱུ་བྱུང་ན་ངས་དཀའ་ལས་བརྒྱབ་རིན་ཆོག་སོང་སྙམ་གྱི་འདུག” འདི་ལྟ་བུ་ཕྲུ་གུའི་དུས་ནས་འགན་སེམས་ཆེན་པོ་ཡོད་པར་བརྟེན་ཁོ་མོས“མི་ཚེ་ཡག་པོ་ཞིག་སྐྱེལ་དགོས་ན་ངེས་པར་དུ་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་དགོས་པ”ཆུང་དུས་ནས་ཤེས་ཀྱི་ཡོད།

    ལོ་19ལ་སླེབས་པའི་སྐབས། ཕ་མ་གཉིས་ཀྱི་ཁུར་པོ་ཡང་དུ་གཏོང་ཆེད་བདེ་ཆེན་ཆོས་མཚོ་གཅིག་པུ་ལྷ་ས་དང་དེ་ནས་ཁྲེང་ཏུར་གླ་པ་རྒྱུག་པར་བསྐྱོད། “དེ་དུས་ན་སོ་ཕྲ་བའི་ཁར་ཉམས་མྱོང་གང་ཡང་མེད་པས་ལས་ཀ་ཚང་མ་འགོ་ནས་སྦྱོང་དགོས་ཀྱི་ཡོད། ཕྱིར་འཚོང་བ་དང་ཞབས་ཞུ་བ་སོགས་བྱེད་མྱོང་། དེ་དུས་དཀའ་ལས་བརྒྱབ་ཨང་བསམ་གྱི་ཡོད”ཅེས་ཁོང་གིས་འདས་དོན་ལ་ཕྱིར་དྲན་བྱེད་ཀྱིན་བཤད།

    གཞན་ཡུལ་དུ་གླ་པ་རྒྱུག་པའི་ལོ་གཉིས་ནང་ཁོ་མོས་ཉིན་མོ་ལས་ཀ་ཧུར་ཐག་འབད་ཐག་བྱས་ནས་དུས་འདའ་བར་བྱས་རུང་། མཚན་མོར་ཕ་ཡུལ་གྱི་དྲོད་ལྡན་ཐབ་དང་ནང་མི་ཚོའི་དགོད་སྒྲ་རང་དབང་མེད་པར་དྲན་གྱི་ཡོད། སེམས་འཕྲེང་དེ་འདྲ་ཞིག་གིས་ཁོ་མོར་སླད་ཕྱིན་ངེས་པར་དུ་རང་ཡུལ་ལ་ལོག་སྟེ་བྱ་གཞག་ཞིག་གཏོད་རྒྱུའི་སེམས་ཤུགས་དང་འདུན་པ་འགོག་མེད་དུ་འཆར།

    ཁོ་མོ་ལོ་21ལ་སླེབས་པའི་ལོ་དེར་གཅུང་པོ་དང་གཅུང་མོ་ཚོ་ད་དུང་སློབ་གྲྭར་འགྲོ་གི་ཡོད་པས་བདེ་ཆེན་ཆོས་མཚོས་ཕ་ཡུལ་དུ་ལོག་རྒྱུའི་སེམས་ཐག་བཅད། དེ་ལྟར་ཁོ་མོས་ལོ་གཉིས་གླ་པ་རྒྱུག་ནས་བསགས་བསགས་གྲུང་གྲུང་བྱས་པའི་དངུལ་སྒོར་ཁྲི་3བཏོན་ནས་ཕ་ཡུལ་དུ་ཟ་ཁང་ཆུང་ཆུང་ཞིག་བཙུགས། 2024ལོའི་ཟླ་11པར“རླུང་རྟ་ཡར་འགྲོའི་བོད་ཟས་ཁང”སྐྱ་འབེལ་ཤང་དུ་དངོས་སུ་སྒོ་ཕྱེ་བ་རེད།

    ཟ་ཁང་བཙུགས་པའི་ཐོག་མར་ཚོང་ཡག་པོ་དེ་ཙམ་མེད། འོན་ཀྱང་བདེ་ཆེན་ཆོས་མཚོས་ཡིད་ཐང་མ་ཆད་པར་ཟ་ཁང་དུ་ཡོང་མཁན་སྐུ་མགྲོན་མི་རེ་ངོ་རེར་ཁ་ལག་དང་ཇའི་བྲོ་བ་ཏག་ཏག་བསྡད་མེད་སྐད་ཆ་ཡང་སེ་འདྲི་བ་མ་ཟད་སྒྱུར་བཀོད་ཡང་ཡང་བྱེད་ཀྱི་ཡོད། དགོང་མོ་ཟ་ཁང་གི་སྒོ་བརྒྱབ་རྗེས་ཁ་པར་ནས་གཡོས་སྦྱོར་ལག་རྩལ་སྦྱངས་ཏེ་རང་ནུས་ཡོད་རྒུས་སྐུ་མགྲོན་གྱི་དགོས་མཁོ་སྐོང་ཐབས་བྱེད་ཀྱི་ཡོད། མི་ལ་བརྩོན་འགྲུས་ལྡན་གྱུར་ན་མི་འགྲུབ་བྱ་བ་ཅི་ཡང་མེད་ཅེས་པ་ལྟར། ཁོ་མོས་དེ་ལྟར་དཀའ་བ་སྤྱད་པར་ཡུལ་མི་ཚོའི་བསྔགས་བརྗོད་ཐོབ་ཡོད་ལ་ཁོ་མོས་བཟོས་པའི་ཁ་ལག་ལའང་ཚང་མས་དགའ་པོ་བྱེད་ཀྱི་ཡོད།

    ཡོང་འབབ་སྐོར་གླེང་སྐབས་བདེ་ཆེན་ཆོས་མཚོས“ཟ་ཁང་བཙུགས་ནས་ཟླ་བ་ལྔ་ལས་འགྲོ་གི་མེད། ཟླ་རེར་ཡོང་འབབ་སྒོར་ཁྲི་གཅིག་ཙམ་འདུག དེ་ལས་ཀྱང་ཕ་མ་གཉིས་པོས་ཁུར་པོ་ལྕི་པོ་དེ་འདྲ་འཁུར་དགོས་མེད་པས་ཧ་ཅང་དགའ་པོ་བྱུང”ཞེས་བདེ་ཆེན་ཆོས་མཚོས་ཅུང་འཚེར་སྣང་དང་བཅས་ཏེ་བཤད།

    ཟ་ཁང་གི་ཚོང་ལ་ལམ་འགྲོ་རྒྱུག་ཀྱང་ཁོ་མོས་དེར་བློ་ཡིད་ཚིམ་ནས་མ་བསྡད་པར་གཞན་གྱིས་དྲ་ཐོག་ནས་བརྙན་ཐུང་བཟོས་ཏེ་ཟ་ཁང་ངོ་སྤྲོད་བྱེད་པ་མཐོང་སྐབས། སོ་སོས་ཀྱང་བརྙན་ཐུང་པར་ལེན་སྟངས་དང་། སྒྲ་སྦྱོར་སྟངས། དྲལ་སྒྲིག་སྟངས་བཅས་སྦྱངས་ནས་དྲ་རྒྱའི་སྟེགས་བུ་བརྒྱུད་རང་ཉིད་ཀྱི་ཟ་ཁང་ཆུང་ཆུང་དེ་བརྡ་ཁྱབ་གཏོང་རྒྱུའི་སེམས་ཐག་བཅད། དེ་ལྟར་ཟླ་བ་གཅིག་ཙམ་སྦྱངས་རྗེས་ཁོ་མོས་བཟོས་པའི་བརྙན་ཐུང་དང་པོ་དེར་ལྟ་མཁན་ཁྲི་17.4བྱུང་ཡོད། རང་ཉིད་དང་འདྲ་བའི་ལས་གཏོད་ཀྱི་ཕུགས་འདུན་ཡོད་མཁན་དྲ་གྲོགས་མི་ཉུང་བ་ཞིག་གིས་བརྙན་ཐུང་གི་གཤམ་དུ་དེ་དོན་སྐོར་སྐད་ཆ་འདྲི་སྐབས་བདེ་ཆེན་ཆོས་མཚོས“རང་ཉིད་ཀྱིས་སྒྲུབ་བསམ་པའི་ལས་ཀ་ཡིན་ཕྱིན་བློ་ཁོག་ཆེན་པོས་སྒྲུབ་དགོས”ཞེས་ལན་འཇོག་གི་ཡོད།

    བརྙན་ཐུང་དེ་བས་ཡག་པོ་བཟོ་ཐུབ་ཆེད་ཁོང་གིས་ཆེད་མངགས་ཁ་པར་གསར་པ་ཞིག་ཉོས་ཏེ་ཟ་ཁང་གི་རྒྱུན་ལྡན་གྱི་རྣམ་པ་པར་ལེན་སྒྲིག་བཟོ་ཞིབ་ཚགས་བྱས་ཤིང་། ཁོང་གིས་དྲ་ཐོག་ཏུ་བསྐུར་བའི《00ནང་སྐྱེས་ཟ་ཁང་སྦྱིན་བདག་གི་ཉིན་གཅིག་གི་འཚོ་བ》བརྙན་ཐུང་ལ་ལྟ་མཁན་ཁྲི་34.4ཟིན་ནས་སྐད་གྲགས་ཆོད་པར་གྱུར།

    ས་གཞིར་མུན་པའི་ཡོལ་བ་རིམ་གྱིས་འཐེན་རུང་སྐྱ་འབེལ་ཤང་གི་སྲང་ལམ་དུ་བཙུགས་པའི“རླུང་རྟ་ཡར་འགྲོའི་བོད་ཟས་ཁང”གི་གློག་འོད་འཚེར་ཞིང་། འབྱུང་འགྱུར་ལ་རེ་བས་ཁེངས་པའི་བདེ་ཆེན་ཆོས་མཚོ་སྔར་མུས་བཞིན་ཟ་ཁང་ཡག་ཐོག་ཡག་བརྩེགས་ཡོང་བར་འབད་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།