དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • དིང་རི་རྫོང་གྲམ་མཚོ་ཤང་ཟིང་དཀར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་པ་སངས་ཀྱིས་བརྗོད་དོན།

    “ཡུལ་མི་ཚོའི་སྣེ་ཁྲིད་དེ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པར་བྱེད་ཀྱི་ཡིན”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-24

    གསར་འགོད་པ་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གྲམ་མཚོ་ཤང་ཟིང་དཀར་གྲོང་ཚོར་སླར་ཡང་སྐྱོད་སྐབས། མིག་ལམ་དུ་སྡོད་ཁང་གྲལ་སྟར་འགྲིག་པོས་གནས་པ་དང་། གྲོང་ཚོའི་ལམ་ངོས་གཙང་ཞིང་ཁོད་སྙོམས་པ། གཡའ་དག་པའི་ནམ་མཁའི་འོག་རྒྱལ་དར་ལྷབ་ལྷུབ་ཏུ་གཡོ་བཞིན་པ་བཅས་ཀྱི་གྲོང་ཚོ་གསར་རྐྱང་ཞིག་མངོན་འོང་།

    གྲོང་ཚོའི་ནང་གསར་འགོད་པར་ཟིང་དཀར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་པ་སངས་སླར་ཡང་འཕྲད་བྱུང་། སྐབས་དེ་དུས་ཁོང་གིས་གྲོང་ཚོའི་ལོ་རྒྱུས་ཁང་དུ་ལྟ་སྐོར་དུ་ཡོང་བའི་རྫོང་གི་གཞི་རིམ་ལས་བྱེད་པའི་སྣེ་ཁྲིད་ནས། འོས་འགན་འཆད་འགྲེལ་པ་བྱས་ཏེ་བསྐྱར་སྐྲུན་གྱི་ཉམས་མྱོང་དང་དུས་རབས་གསར་པའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་གྱི་ལོ་རྒྱུས་འཕེལ་རིམ་སྐོར་ཞིབ་ཅིང་ཕྲ་བ་ཤོད་བཞིན་བྲེལ་འཚུབ་ཧ་ཅང་ཆེན་པོ་ཡོད།

    ལོ་གཅིག་ཙམ་རིང་། ཁོང་གི་ལུས་ཐོག་ནས་སྔར་བཞིན་ངལ་དུབ་ཀྱི་སྣང་བ་ཕྲན་བུ་སྟེར་མོད། འོན་ཀྱང་ངོ་གདོང་ནས་དགའ་སྤྲོའི་འཛུམ་མདངས་འཕྱུར་ཞིང་བྲེལ་འཚུབ་ཆེ་བའི་རྣམ་པར་འགྱུར་ལྡོག་བྱུང་མི་འདུག

    “རྒྱལ་ཁབ་ཀྱིས་ང་ཚོར་ཆ་ཚང་གྲ་སྒྲིག་བྱས་ཡོད་པས་ཚང་མས་འཚོ་བ་གསར་པར་ཡིད་ཆེས་ཀྱིས་ཁེངས་ཡོད། འགག་རྩའི་དུས་དེར་ང་ཚོ་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་ཚོས་ལྷོད་གཡེང་རྩ་བ་ནས་གཏོང་མི་རུང་བར་སྔར་བས་ངར་ཤུགས་བསྒྲིམས་ཏེ། གོ་སྐབས་དམ་འཛིན་གྱིས་ཡུལ་མི་ཚོ་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱེད་དགོས”ཞེས་པ་སངས་ཀྱིས་བརྗོད།

    2025ལོའི་ཟླ་1ཚེས་7ཉིན་དེར་ཕྱིར་དྲན་བྱེད་སྐབས། དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་སྟེ་ཟིང་དཀར་གྲོང་ཚོར་ཉམས་ཆག་ཆེན་པོ་བྱུང་ནས་མང་ཚོགས་600ལྷག་ཙམ་ཉེན་ཁའི་གནས་སུ་གྱར།

    ཉེན་ཁའི་དུས་དེར། པ་སངས་ཀྱིས་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་དང་གྲོང་སྡོད་ལས་དོན་རུ་ཁག་མགྱོགས་མྱུར་སྒྲིག་འཛུགས་བྱས་ཏེ། ཏང་ཡོན་གདོང་ལེན་རུ་ཁག་4བཙུགས་ནས་ཞིག་རོའི་ཁྲོད་རོགས་སྐྱོབ་བྱེད་པར་བསྐྱོད། ཁོང་གིས་ད་དུང་གྲོང་ཚོའི་རྒན་རྒོན་དང་། དབང་སྐྱོན། བུད་མེད། བྱིས་པ། དམིགས་བསལ་ཚོཌ་སྤྱི་བཅས་ཀྱི་ཆ་འཕྲིན་བཀོད་པའི་ཟིན་བྲིས་དེབ་ཅིག་ཁྱེར་ནས་ཆེད་ལས་རོགས་སྐྱོབ་མི་སྣར་གཞོགས་འདེགས་ཀྱིས། དུད་ཚང་རེ་རེ་བཞིན་འཚོལ་སྐྱོབ་བྱས་ནས་དཀའ་ངལ་འཕྲད་པའི་མང་ཚོགས་50ལྷག་ཙམ་བདེ་བླག་ངང་བསྐྱབས་པ་དང་། དུད་ཚང་125ཡི་མི་600ལྷག་ཙམ་ཚང་མ་བདེ་འཇགས་ཀྱི་གནས་སུ་སྤོས་ཡོད།

    ཞིག་རོའི་སྟེང་ཁྱིམ་གཞིས་བསྐྱར་སྐྲུན་བྱ་རྒྱུ་ནི་མང་ཚོགས་ཀྱི་རེ་སྒུག་ཆེ་ཤོས་རེད། ས་བབ་མཐོ་བ་དང་། གནམ་གཤིས་གྲང་བ། ཨར་ལས་དུས་ཡུན་ཐུང་བ། མང་ཚོགས་ཀྱི་རེ་ཞུ་སྣ་མང་སོགས་ཀྱི་འགྲན་སློང་མང་པོའི་མདུན་དུ། པ་སངས་ཀྱིས་དུད་ཚང་ཚང་མར་བསྐྱོད་ནས་གེགས་རྗེས་བསྐྱར་སྐྲུན་གྱི་སྲིད་ཇུས་ངང་རྒྱུད་རིང་པོས་འགྲེལ་བཤད་བརྒྱབ་པ་མ་ཟད། ཁང་པའི་བཀོད་པ་དང་། ཁ་གསབ་ཀྱི་ཚད་གཞི། ཁག་བགོས་འཆར་གཞི་བཅས་འགྲེལ་བཤད་བརྒྱབ་ནས། མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་ཉན་པ་དང་། འགལ་བ་དང་རྩོད་གཞི་བསལ་ནས་བསྐྱར་སྐྲུན་ལས་དོན་ལ་མང་ཚོགས་ཀྱི་བསམ་ཤེས་དང་རྒྱབ་སྐྱོར་ཐོབ་པའི་བརྩོན་ལེན་བྱས་ཡོད།

    སྡོད་ཁང་གསར་པ་བསྐྲུན་ཚར་རུང་པ་སངས་ཀྱིས་ངལ་གསོ་མ་བརྒྱབ་པར“ཡུལ་མི་ཚོའི་འཚོ་བ་སྔར་བས་ལེགས་སུ་འགྲོ་བར་སྣེ་ཁྲིད་བྱེད་པའི”ཐད་བསམ་བློ་གཏོང་བཞིན་ཡོད།

    གྲོང་ཚོའི་ནས་ཀྱི་སྤུས་ཀ་ལེགས་པས་ཁོང་གིས་མཉམ་ལས་ཁང་ཞིག་འཛུགས་རྒྱུའི་སྣེ་ཁྲིད་དེ། ལས་སྣོན་ཁང་ཆུང་ངུ་ཞིག་བསྐྲུན་ནས་རྩམ་པ་འཐག་པ་དང་པད་ཁའི་སྣུམ་བཙག་པས་གྲོང་མིར་སྟབས་བདེ་བསྐྲུན་པ་མ་ཟད། ད་དུང་ཕྱིར་བཙོངས་ནས་ཡོང་འབབ་ཀྱང་བྱུང་ཡོད། “ང་ཚོའི་གྲོང་ཚོའི་སོན་བཟང་ནས་སྔོན་ཆད་མ་བཅོས་རྒྱུ་ཆ་ཁོ་ནར་བྱས་ཏེ་འཚོང་གི་ཡོད། ད་ཆ་ཐོན་རྫས་སུ་གྱུར་ནས་ཕྱིར་འཚོང་གི་ཡོད”ཅེས་པ་སངས་ཀྱིས་བརྗོད།

    ཡུལ་མིའི་ཚོགས་ཆེན་ཐོག་པ་སངས་ཀྱིས་གླེང་མང་ཤོས་ནི“ད་ཆ་ང་ཚོ་འཚོ་བ་ཡག་པོ་དེ་འདྲ་སྐྱེལ་རྒྱུ་བྱུང་བ་ནི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར་དང་ཁ་འབྲལ་ཐབས་མེད། ང་ཚོས་ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས”ཞེས་པ་དེ་རེད།

    ད་ཆ་པ་སངས་ཀྱིས་ཐོན་ལས་འཕེལ་རྒྱས་ཀྱི་འཆར་གཞི་དང་། དུད་ཚང་ཚང་མའི་འབབ་འཕར་དམིགས་ཚད། འཕྲལ་མར་ཐག་གཅོད་བྱེད་དགོས་པའི་དམངས་འཚོའི་བྱ་བ་བཅས་བཀོད་པའི་ཟིན་བྲིས་དེབ་གསར་པ་ཞིག་ཁྱེར་བཞིན་གྲོང་ཚོའི་སྲང་ལམ་དང་གྲོང་མིའི་ཁྱིམ་དུ་སྔར་བཞིན་བྲེལ་འཚུབ་ཆེན་པོས་སྐྱོད་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།