དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • ཤུལ་བཞག་རིག་གནས་རྩ་གཞི་བསྐྱངས། འབབ་འཕར་ཕྱུག་འགྱུར་ལམ་བཟང་རྙེད།

    —— གཞིས་རྩེ་གྲོང་ཁྱེར་སྲིད་གྲོས་ཀྱི་ཨུ་ཡོན་དང་ལྷོག་པ་བསྟན་པའི་ཁྱུང་རྩེ་ས་གཡང་གཞས་ཆེན་གྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་བསོད་ནམས་ཚེ་རིང་གི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-07-23

    གཏིང་སྐྱེས་རྫོང་ནི་གཞིས་རྩེ་གྲོང་ཁྱེར་གྱི་ལྷོ་རྒྱུད་དང་ཧི་མ་ལ་ཡའི་བྱང་འདབས་སུ་གནས་ཡོད། བབ་ཆགས་པའི་དམངས་སྲོལ་དང་དམིགས་བསལ་ཅན་གྱི་མཐའ་མཚམས་རིག་གནས་ཀྱིས་ས་གནས་དེར་འཚོ་བཅུད་སྦྱིན་བཞིན་ཡོད། ད་ལོ་ལོ་ན་55ལ་སོན་པའི་བསོད་ནམས་ཚེ་རིང་གནས་དེར་གཞི་ཚུགས་ཤིང་འབད་པས་ལས་ལ་གཞོལ་བ་དང་འགན་འཁྲི་དུ་མ་ཕྲག་ཏུ་འཁུར་ནས་ལས་འགན་བསྒྲུབས་ཏེ་དངོས་སྒྲུབ་དང་མཐའ་འཁྱོངས་ལ་བརྟེན་ནས་ཕ་ཡུལ་བརྟན་སྲུང་དང་འཛུགས་སྐྲུན་བྱེད་བཞིན་ཡོད།

    བསོད་ནམས་ཚེ་རིང་མི་གཅིག་ལ་ཐོབ་ཐང་མི་འདྲ་བ་གསུམ་ཡོད་དེ། གཏིང་སྐྱེས་རྫོང་མདོ་བྲག་ཤང་ལྟེ་བའི་སློབ་ཆུང་གི་འཐབ་ས་དང་པོའི་དགེ་རྒན་དང་། གཞིས་རྩེའི་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ལྷོག་པ་བསྟན་པའི་ཁྱུང་རྩེ་ས་གཡང་གཞས་ཆེན་གྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ། གཞི་རིམ་དུ་གཞི་ཚུགས་ཏེ་ལོ་མང་ལས་འགན་སྒྲུབ་མཁན་གྱི་གཞིས་རྩེ་གྲོང་ཁྱེར་སྲིད་གྲོས་ཀྱི་ཨུ་ཡོན་བཅས་སོ། ཐོབ་ཐང་མི་འདྲ་བ་གསུམ་པོ་ནི་འགན་འཁྲི་ཁག་གསུམ་ཡིན་པ་དེ་དག་ཁོང་གིས་ལོ་བཅུ་གྲངས་རིང་ས་མཐོ་བརྟན་སྲུང་བྱས་པའི་ལོ་ཟླའི་མགོ་མཇུག་བར་གསུམ་དུ་ཁྱབ་ཡོད།

    “གཏིང་སྐྱེས་ལ་གཏམ་རྒྱུད་རྙིང་པ་དང་། གླུ་གར་རྙིང་པ། གོམས་སྲོལ་རྙིང་པ་མང་པོ་ཡོད། དེ་ཚོ་ཚང་མ་གྲོང་ཚོ་ཁག་གི་ནང་ཁྱབ་ནས་ཡོད་པས། ལེགས་སྒྲིག་མ་བྱས་པར་ལུས་ན་ག་ལེར་ཚང་མས་བརྗེད་འགྲོ་ཡི་རེད”ཅེས་ས་གནས་ཀྱི་ཡིག་ཚགས་རྩོམ་འབྲི་བྱེད་པའི་ཐོག་མའི་རེ་འདུན་སྐོར་གླེང་སྐབས་བསོད་ནམས་ཚེ་རིང་གིས་དེ་ལྟར་བརྗོད། རྫོང་ཁོངས་ཀྱི་གྲོང་གསེབ་རིག་གནས་ཐར་ཐོར་དང་དམངས་སྲོལ་གྱི་ནང་དོན་ཁག་གཅིག་སྟོངས་ལ་ཉེ་བའི་མཚམས་སུ་སླེབས་པ་མཐོང་སྐབས། ཁོང་གིས་ཕ་ཡུལ་གྱི་ལོ་རྒྱུས་དང་མི་ཆོས་རིག་གནས་བརྒྱུད་རིམ་ལྡན་པའི་ངང་གསེད་དཀྲོལ་བྱས་ཏེ། མཐའ་མཚམས་རང་ལ་དབང་བའི་རིག་གནས་ཀྱི་དྲན་འཆར་དེ་ཆ་ཚང་སོར་འཇོག་བྱ་རྒྱུའི་སེམས་ཐག་བཅད་པ་རེད།

    འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་དང་མཛུབ་ཁྲིད་འོག བསོད་ནམས་ཚེ་རིང་གིས་དུས་ཡུན་རིང་བའི་ཡིག་ཚགས་རྩོམ་འབྲིའི་ལས་འགོ་བརྩམས། ལོ་དགུ་ཡི་རིང་། ཁོང་གིས་སློབ་གསེང་དུས་ཚོད་དང་ངལ་གསོའི་དུས་ཚོད་བེད་སྤྱད་དེ་ལ་ཀླུང་བརྒལ་ནས་གཏིང་སྐྱེས་རྫོང་གི་ཤང(གྲོང་རྡལ)10དང་། སྲིད་འཛིན་གྲོང་ཚོ་70 དེ་བཞིན་རང་བྱུང་གྲོང་ཚོ་ཚང་མར་བསྐྱོད་དེ། ཏང་ཡོན་རྒན་གྲས་ལ་འཚམས་འདྲི་དང་། འབྲོག་པ་རྒན་གྲས་འཚོལ་འདྲི། དམངས་ཁྲོད་སྒྱུ་རྩལ་པ་དང་འབྲེལ་མཐུད་བཅས་བྱས་ནས། ཐར་ཐོར་དུ་ལུས་པའི་ལོ་རྒྱུས་དཔྱད་ཡིག་གི་ཤོད་སྲོལ་དང་། དམངས་སྲོལ་ཟིན་འགོད། གླུ་གར་གྱི་རྒྱུ་ཆ་འཚོ་བསྡུ་ལེགས་སྒྲིག་བཅས་བྱས་པ་རེད། ཧུར་ཐག་འབད་ཐག་གིས་ལས་དོན་སྒྲུབ་པའི་ཉིན་མཚན་དུ་མ་བརྒྱུད། 2020ལོར་ཡིག་འབྲུ་ཁྲི་84ལྷག་ཙམ་ཟིན་པའི་ས་གནས་ཀྱི་ཡིག་ཚགས《གཏིང་སྐྱེས་སྐར་ཁུང》ཞེས་པ་དེ་དངོས་སུ་པར་སྐྲུན་ཐུབ་པ་རེད།

    མིག་སྔར《གཏིང་སྐྱེས་སྐར་ཁུང》ཞེས་པ་དེ་རྒྱ་བོད་སྐད་ཡིག་པར་མ་གཉིས་བཏོན་ཞིང་། བརྒྱུད་རིམ་ལྡན་པའི་སྒོ་ནས་གཏིང་སྐྱེས་ཀྱི་མི་ཆོས་རིག་གནས་ལོ་རྒྱུས་དང་། རི་ཀླུང་གི་བཀོད་པ། སྲོལ་རྒྱུན་རྒྱན་གོས། དམངས་ཁྲོད་གླུ་གར། འཚོ་བའི་གོམས་གཤིས་སོགས་ནང་དོན་ཕུན་སུམ་ཚོགས་པོ་འདུས་ཡོད་པ་དང་། ལོ་རྒྱུས་ཀྱི་དཔྱད་ཡིག་ཞིབ་ཅིང་ཁུངས་འཕེར་བ་དང་ཟིན་ཐོར་བཀོད་པའི་ནང་དོན་ཕྱོགས་ཡོངས་ལ་ཁྱབ་ཡོད་པ་རེད།

    ཁོང་དང་མངོན་མིན་རིག་གནས་ཤུལ་བཞག་ལྷོག་པ་བསྟན་པའི་ཁྱུང་རྩེ་ས་གཡང་གཞས་ཆེན་དབར་གྱི་ལས་འབྲེལ་སྐོར་གླེང་སྐབས། བསོད་ནམས་ཚེ་རིང་གིས། དེ་ནི་ཆུང་བྱིས་པའི་དུས་ཀྱི་མངགས་བཅོལ་ཞིག་དང་ཁ་འབྲལ་ཐབས་མེད་ཅེས་བརྗོད།

    1987ལོར། ལོ་16ལ་སོན་པའི་བསོད་ནམས་ཚེ་རིང་ས་སྐྱ་རྫོང་དུ་སློབ་འབྲིང་འགྲིམ་བཞིན་ཡོད། གུང་གསེང་རིང་ཁྱིམ་དུ་ལོག་པའི་སྐབས་ཤིག་ལ་ལྷོག་པ་བསྟན་པའི་ཁྱུང་རྩེ་ས་གཡང་གཞས་ཆེན་གྱི་རབས་དང་པོའི་རྒྱུན་འཛིན་པས་ཆེད་མངགས་ཁོང་འཚོལ་བར་ཡོང་སྟེ། གནའ་བོའི་དམངས་ཁྲོད་ཟློས་གར་དེའི་ནང་དོན་ཡིག་ལམ་དུ་ཕབ་ནས་མངོན་མིན་རིག་གནས་ཤུལ་བཞག་གི་སྒྱུ་རྩལ་དེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པའི་རེ་བ་བཏོན་པ་རེད།

    “རྒན་རབས་ཀྱིས་ང་ལ་ཡིད་ཆེས་དེ་འདྲ་བྱེད་དུས་ངས་མངགས་བཅོལ་དེ་ཆུད་ཟོས་སུ་བཏང་ན་ག་ནས་ཡོང” མངགས་བཅོལ་ཟབ་མོ་དེ་དང་བཅས་ཏེ་བསོད་ནམས་ཚེ་རིང་གིས་རྒྱུན་བསྲིངས་ལྷོད་མེད་ཀྱིས་ཡུལ་གཞས་ཀྱི་སྙན་ཚིག་དང་གཞས་གདངས་རེ་རེ་བྱས་ཏེ་ཟིན་བྲིས་བཀོད་ནས། མངོན་མིན་རིག་གནས་ཤུལ་བཞག་གི་གླུ་གར་གྱི་མ་ལག་དང་རྒྱུན་འཛིན་གྱི་ནང་དོན་ཆ་ཚང་ཆུ་ཐིགས་བསགས་པ་ཇི་བཞིན་འཐུས་སྒོ་ཚང་དུ་བཏང་བ་རེད།

    ལོ་བཅུ་གྲངས་བརྟན་སྲུང་རྒྱུན་འཛིན་དང་ཁྱབ་གདལ་བརྒྱུད་བསྒྲགས་བྱས་པ་བརྒྱུད། སྔོན་ཆད་གྲོང་གསེབ་ཀྱི་ས་གཞི་ཁོ་ནར་ཁྱབ་པའི་ལྷོག་པ་བསྟན་པའི་ཁྱུང་རྩེ་ས་གཡང་གཞས་ཆེན་དེ་ད་ཆ་ས་གནས་དེ་གའི་དམངས་སྲོལ་དུས་ཆེན་དང་རིག་རྩལ་འགྲེམས་འཁྲབ་སྐབས་ཀྱི་ཁྱད་ལྡན་འཁྲབ་སྟོན་ལ་གྱུར་ཡོད་པ་རེད།

    གཞིས་རྩེ་གྲོང་ཁྱེར་སྲིད་གྲོས་ཀྱི་ཨུ་ཡོན་ཡིན་པའི་བསོད་ནམས་ཚེ་རིང་གིས་ཐོག་མའི་བསམ་འདུན་མི་བརྗེད་པར་མང་ཚོགས་ཡིད་ལ་འཆང་བཞིན་ཡོད།

    ད་ཆ། གཏིང་སྐྱེས་རྫོང་མདོ་བྲག་ཤང་སོགས་ཤང་དང་གྲོང་རྡལ་10ལ་སྔ་རྗེས་སུ་མངོན་མིན་རིག་གནས་ཤུལ་བཞག་གི་ལག་ཤེས་བསླས་འཐག་མཉམ་ལས་ཁང་བཙུགས་པ་དང་། མིག་སྔར། བལ་གྱི་ཕོ་ཁེབས་དང་། ཀམ་པ་ལི། ཁ་གདན་སོགས་ཐོན་རྫས་ཁག་30ལྷག་ཙམ་ཡོད། མཉམ་ལས་ཁང་གིས་ཐག་ཉེ་ས་ནས་གྲོང་ཚོའི་བུད་མེད་ལས་མིར་བསྡུས་ཏེ་མང་ཚོགས་ལ་ཁྱིམ་ཀྱི་སྒོ་རྩ་ནས་ལས་ཞུགས་ཐུབ་པར་བྱས་པས། ཁྱིམ་ལ་ལྟ་རྟོག་དང་འབབ་འཕར་གཉིས་ཀར་འཐུས་ཤོར་མི་འགྲོ་བ་བྱུང་ཡོད། བསོད་ནམས་ཚེ་རིང་གིས། ལག་ཤེས་བྱང་ཆ་དོད་པའི་ཡུལ་མིའི་ཟླ་རེའི་ཡོང་འབབ་སྒོར་3000ནས་7000བར་ཟིན་གྱི་ཡོད་པས། སྲོལ་རྒྱུན་ལག་ཤེས་དེ་མང་ཚོགས་འབབ་འཕར་ལ་སྐུལ་ཁྲིད་དང་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི་ཁྱད་ལྡན་དམངས་ཕྱུག་ཐོན་ལས་ལ་གྱུར་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།