དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ཐོན་ལས་ཀྱི་ཁྱད་ཆོས་ལ་བརྟེན་ནས་དམངས་ཕྱུག་དངོས་སྒྲུབ་བྱུང་བ།

    རང་ལྗོངས་ཀྱིས་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་མཐུན་རྐྱེན་སྦྱར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-20

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ས་མཐོའི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ལེགས་ཆར་གཞི་ཚུགས་ནས་ཐོན་ལས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། རིག་གནས་ལ་མཐུན་རྐྱེན་སྦྱོར་བ། དམངས་ཕྱུག་རྩ་བར་འཛིན་རྒྱུ་བཅས་མཐའ་འཁྱོངས་བྱས་ཏེ་ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྟོབས་ཆེར་དང་ལེགས་སུ་བཏང་སྟེ། མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ་དང་། མང་ཚོགས་རྒྱ་ཁྱབ་ཏུ་ཞུགས་པ། རྒྱུན་མཐུད་ཆོག་པའི་རང་བཞིན་མངོན་གསལ་དོད་པ་བཅས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་ལམ་བུར་བསྐྱོད་པས། ད་ཆ་ཡངས་ཤིང་རྒྱ་ཆེ་བའི་གྲོང་གསེབ་ཁག་ཏུ་ཐོན་ལས་དར་ཞིང་འཚོ་བ་འབྱོར་ཕྱུག་ལྡན་པའི་སྐྱེ་སྟོབས་ཀྱི་རྣམ་པ་ཞིག་མངོན་བཞིན་མཆིས།

    ཐོན་ལས་ལ་མཐུན་རྐྱེན་སྦྱར་བས། འབབ་འཕར་གྱི་རྣམ་པ་བཟང་པོ་ཞིག་མངོན་པ།

    ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་འཆམ་མཐུན་དགའ་ཚལ་སྡེ་ཁུལ་གྱི་བུད་མེད་ལག་ཤེས་འཐག་ལས་ཁང་གིས་པང་གདན་འཐག་པ་སོགས་སྲོལ་རྒྱུན་ལག་རྩལ་རྒྱུན་འཛིན་གྱིས་གནའ་ཉམས་དོད་པའི་བོད་བཟོའི་རི་མོ་དང་དེང་རབས་ཀྱི་མཛེས་དཔྱོད་ལྟ་བ་གཉིས་ཟུང་འབྲེལ་བྱས་ནས། བོད་བཟོའི་རྒྱན་གོས་དང་ཁྱད་ཆོས་ལྡན་པའི་སྒོ་ཡོལ་སོགས་རིག་གནས་གསར་གཏོད་ཐོན་རྫས་གསར་སྤེལ་གྱིས་དྲ་ཐོག་དང་དྲ་ཕྱིར་ཚོང་ལམ་བཏོད་ནས་མཛུབ་རྩེའི་འཐག་ལས་ཡོང་འབབ་གསོག་པའི་འཇོན་ཐང་དུ་འགྱུར་བར་བྱས་ཡོད།

    ད་ཆ་སྟོད་ལུང་བདེ་ཆེན་ཆུས་སུ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་158ཐོ་བཀོད་པར་རིམ་རྩིས་བརྒྱབ་ན་ཞིང་འབྲོག་པའི་ཡོང་འབབ་སྒོར་ཁྲི་1108.78འཕར་རྒྱུར་སྐུལ་ཁྲིད་ཐུབ་ནས། མཉམ་ལས་ཁང་མང་དག་ཅིག་གྲོང་གསེབ་དར་རྒྱས་དང་མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་བརྟན་པོ་ཞིག་ཏུ་གྱུར་ཡོད།

    ཐོན་ལས་དར་ན་དམངས་འཚོ་བརྟན། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་གྱི་མེ་ཏོག་ལག་མཐིལ་དམར་པོའི་ཞིབ་སློབ་ཁང་དུ་ཡུལ་མི་ལྷག་སྒྲོན་གྱིས་གྲོང་ཚོ་གཅིག་པའི་བུད་མེད་ཚོ་དང་མཉམ་དུ་མེ་ཏོག་ཁོག་མ་སྟོང་ཕྲག་ལ་གཡོག་བྱེད་ཞིབ་ཚགས་བྱེད་བཞིན་ཡོད། ཁོང་གིས“ཁྱིམ་གྱི་སྒོ་རྩའི་གླིང་ཁུལ་ནས་ལས་ཞུགས་ཐུབ་པ་དེས་ཕྱོགས་གཅིག་ནས་ཡོང་འབབ་བརྟན་པོ་འདུག་ལ། ཕྱོགས་གཞན་ཞིག་ནས་ནང་མིར་ལྟ་རྟོག་བྱེད་ཁོམ་ཡང་འདུག་པས་ཚང་མའི་སེམས་པ་ལྷོད་ལ་བབས་སོང”ཞེས་བཤད་པ་ལས་མང་ཚོགས་ཀྱི་ཐོབ་སྣང་དངོས་མཚོན་ཡོད། ས་བབ་ཀྱི་ལེགས་ཆར་བརྟེན་ནས་ཆུ་ཤུར་རྫོང་གིས་དེང་རབས་ཀྱི་ཁྱད་ལྡན་ཞིང་ལས་སྟོབས་ཆེར་གཏོང་བ་དང་། ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་བ། དམངས་ཕན་སྲིད་ཇུས་དོན་འཁྱོལ་བཅས་བྱས་ཏེ། 2025ལོར་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་སྒོར་དུང་ཕྱུར་1ལྷག་ཙམ་ཡོང་བར་སྐུལ་ཁྲིད་བྱས་ནས་དེ་སྔའི་སྲོལ་རྒྱུན་ཞིང་པ་རྣམས་ད་ཆ་ཐོན་ལས་གཉེར་མཁན་དུ་གྱུར་ཏེ། ཐོན་ལས་འཕེལ་རྒྱས་ལས་བྱུང་བའི་ཁེ་སྤོགས་མཉམ་དུ་ལོངས་སྤྱོད་ཐུབ་ཡོད།

    ཚད་གཞིའི་མ་ལག་བཏོན་པས། ཐོན་ལས་འཁོར་འབྲེལ་རིམ་སྤོར་བརྟན་པོ་བྱུང་བ།

    འབྲུ་རྡོག་རེ་རེ“མ་བཅོས་འབྲུ་རིགས་འཚོང་བའི”སྲོལ་རྒྱུན་གྱི་ཐབས་ལམ་ལས་ཇི་ལྟར་བརྒལ་བ་དང་འབྲི་གཡག་གཅིག་གིས་ཐོན་ལས་ལ་རིན་ཐང་སྔར་བས་ཆེ་བ་ཇི་ལྟར་བཏོད་པའི་ཐད་ཀོང་ཏུང་ནས་ཡོང་བའི་ཡུལ་སྐོར་བས་GIདམའ་བའི་ནས་ཀྱི་ཏན་ཞིམ་གྱི་བྲོ་བ་མྱངས་རྗེས་མང་པོ་ཉོ་སྒྲུབ་བྱ་རྒྱུའི་སེམས་ཐག་བཅད་ཅིང་། “ནས་ཀྱི་ཏན་ཞིམ་དང་ཕྱེ་མ་བཟོས་ནས་མིའི་གཟུགས་པོར་ཕན་ལ། དམངས་ཀྱི་བྲོ་བ་དང་ཡང་མཐུན་པ་ཞིག་བྱུང་བ་བསམ་ཡུལ་ལས་འདས་སོང”ཞེས་ཡུལ་སྐོར་བའི་ཁས་ལེན་ཐོབ་ཅིང་། དེ་ནི་བོད་ཀྱི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་བྱུང་བའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་རེད།

    དུས་ཡུན་རིང་པོའི་ནང་། རང་ལྗོངས་ཀྱིས་ས་མཐོའི་ལྟེ་བའི་ཞིང་འབྲོག་ལས་ཀྱི་ཐོན་ཁུངས་ནས་དང་འབྲི་གཡག་སོགས་ལ་དམིགས་ནས་ལས་སྣོན་ཞིབ་ཚགས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་འབྲེལ་ཐག་སྣུར་གསབ་བརྟན་གསུམ་ཡོང་བར་ཤུགས་སྣོན་བརྒྱབ་པས། རིམ་པ་དམའ་བའི་ཞིང་ལས་ཐོན་རྫས་ཕྱིར་ཚོང་གི་སྲོལ་རྒྱུན་རྣམ་པའི་འཆིང་རྒྱ་ལས་གྲོལ་ཏེ་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། ས་མཐོའི་མཚོན་རྟགས་ལྡན་པའི་གསར་གཏོད་ཀྱི་ཁྱད་ལྡན་ཐོན་རྫས་མང་ཚོགས་ཀྱི་མཐོང་ཆོས་སུ་འགྱུར་བཞིན་ཡོད། ཁོང་ཚོས་ཕྱོགས་གཅིག་ནས་ཞིང་འབྲོག་པར“འབབ་འཕར”ཡོང་བར་བྱས་ཏེ། སྟོད་རྒྱུད་ཀྱི་འདེབས་གསོའི་མཐའ་སྣེའི་ཡོང་འབབ་བརྟན་དུ་འགྲོ་བར་སྐུལ་འདེད་བཏང་བ་དང་། ཕྱོགས་གཞན་ཞིག་ནས་ཐོན་ལས་འཕེལ་རྒྱས་ཀྱི“ཐབས་ལམ་གསར་པར”བརྟེན་ནས་བོད་ཀྱི་སྐྱེ་ཁམས་བཟང་བའི་ཐོན་རྫས་མ་ལག་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་སྟེ། གྲོང་གསེབ་དར་རྒྱས་ལ་ཐོན་ལས་ཀྱི་སྒུལ་ནུས་ཟམ་མི་ཆད་པར་བསྣན་ཡོད།

    རིག་གནས་ཡུལ་སྐོར་གྱི་ལས་རྣམ་ལ་རིམ་སྤར་བྱས་པས། རི་སྔོན་ཆུ་དྭངས“བདེ་སྐྱིད་ཡོང་གཞིར”གྱུར་པ།

    ས་མཐོའི་སྐྱེ་ཁམས་ཀྱི་མཛེས་ལྗོངས་དང་དམངས་སྲོལ་རིག་གནས་ཀྱི་ལེགས་ཆར་བརྟེན་ནས་རང་ལྗོངས་ཀྱི་གྲོང་གསེབ་ཡུལ་སྐོར་དེ“རྟ་རྒྱུག་ཞོར་མེ་ཏོག་འཐུ་བའི”སྲོལ་རྒྱུན་གྱི་རྣམ་པ་ནས་དབྱིངས་ཞུགས་རྣམ་པ་དང་སོས་དལ་གྱི་མྱོང་ཚོར་ཟབ་མོར་རིམ་སྤོར་བྱས་ཤིང་། དམངས་སྲོལ་གནས་ཚང་གི་སྤྲོ་གསེང་ལ་རོལ་བ་དང་། དམངས་སྲོལ་ལ་ཞིབ་འཇུག་སློབ་སྦྱོང་བྱེད་པ། རང་བྱུང་ཁམས་ལ་རྐང་ཐང་མར་སྐྱོད་པ་སོགས་ཀྱི་སྣ་མང་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ནས་ཡུལ་སྐོར་བ་དེ་བས་མང་བ་གངས་ལྗོངས་ས་མཐོར་ཡོང་བ་མ་ཟད། ཞིང་འབྲོག་མང་ཚོགས་ལ་རང་ཁྱིམ་གྱི་སྒོ་རྩ་ནས་འབབ་འཕར་ཡོང་བའི་ལས་སྟེགས་བཏོད་པས་ཡུལ་ལྗོངས་ཡག་པོ་ལྟ་སྐོར་བྱ་ཡུལ་དུ་གྱུར་ཡོད།

    ཉེ་བའི་ལོ་ཤས་རིང་། བོད་ཀྱིས་གྲོང་གསེབ་ཡུལ་སྐོར་གྱི་བཀོད་པ་མུ་མཐུད་ལེགས་སུ་དང་རིག་གནས་ཡུལ་སྐོར་གྱི་ཞབས་ཞུའི་སྤུས་ཚད་ལེགས་སུ་བཏང་བར་རིམ་རྩིས་བརྒྱབ་ན་ཁྱིམ་ཚང་མགྲོན་ཁང་2956འཕེལ་རྒྱས་སོང་བ་དང་། རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་ལམ་ཐིག་རྩེ་གྲ་36བཏོད་པ་དང་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོ(གྲོང་རྡལ)48བསྐྲུན་ཡོད། 2025ལོར་ལྗོངས་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་2902.02ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་40.73བྱུང་བ་དེ་དུས་མཚུངས་ལས་24%ཡན་འཕར་ནས་ཞིང་འབྲོག་པ་ཁྲི་34.55ལས་ཞུགས་ལ་སྐུལ་ཁྲིད་ཐུབ་པ་དང་མི་རེར་ཆ་སྙོམས་ཡོང་འབབ་སྒོར་5000འཕར་ནས། རི་སྔོན་ཆུ་དྭངས་མང་ཚོགས་ཀྱིས་མཐོང་ཐུབ་པ་དང་རེག་ཐུབ་པའི་སྐྱེ་ཁམས་ཀྱི་རྒྱུ་ནོར་དང་དམངས་ཕྱུག་གི་ཁེ་ཕན་དུ་དངོས་འབྲེལ་གྱུར་ཡོད།

    མཛུབ་རྩེའི་འཐག་ལས་ཀྱི་སྲོལ་རྒྱུན་ལག་རྩལ་ནས་ས་མཐོའི་དེང་རབས་ཐོན་ལས་བར་དང་། ཞིང་ནང་དང་མུ་ཁའི་ཁྱད་ལྡན་འདེབས་གསོ་ནས་རི་ཆུའི་དམངས་སྲོལ་གནས་ཚང་སྤུས་ལེགས་བར་འཕེལ་རྒྱས་བྱུང་ནས། བོད་ཀྱིས་དོན་དངོས་ལ་གཞི་ཚུགས་པ་དང་ཐབས་ཇུས་གནད་ལ་འཁེལ་པོས་ལག་ལེན་བསྟར་ནས་བེད་མེད་དུ་ལུས་པའི་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆ་སྟོབས་ཆེན་དུ་འགྱུར་བ་དང་རིག་གནས་ཀྱི་གདིང་གཞི་ཟབ་མོ་དེ་ཡུན་རིང་དམངས་ཕྱུག་ཡོང་བའི་སྒུལ་ནུས་སུ་འགྱུར་བར་བྱས་པས། ཁྱད་ལྡན་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་དམངས་འཚོའི་དྲོད་ཁོལ་ཟམ་མི་ཆད་པར་སྦྱིན་ཐུབ་སྟེ་ཐོན་ལས་དར་བ་དང་། སྐྱེ་ཁམས་སྡོད་མལ་དང་འཚམ་པ། གྲོང་གསེབ་ཀྱི་ཡུལ་སྲོལ་ཡ་རབས་དང་ལྡན་པ། འཚོ་བ་འབྱོར་ཕྱུག་བཅས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་བརྗིད་ཉམས་རྣམ་པ་བཟང་པོ་ཞིག་གངས་ལྗོངས་ས་མཐོར་རིམ་བཞིན་མངོན་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།