ཕུལ་བྱུང་རིག་གནས་རྒྱུན་འཛིན་བྱེད། འཕེལ་རྒྱས་གསོན་ཤུགས་གསར་པ་རྒྱས།
—— གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་གིས་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ནས་དམངས་ཕྱུག་ཐོན་ལས་སྟོབས་ཆེར་བཏང་བའི་སྐོར་བཀོད་པ།
ཉེ་བའི་ལོ་ཤས་རིང་། ཁང་དམར་རྫོང་གིས“རིག་གནས་སྟོབས་ཆེའི་རྫོང”དང“རིག་གནས་ཡུལ་སྐོར་གྱི་གྲགས་ཅན་རྫོང”གི་ངེས་གནས་གཏན་འཁེལ་དང་དེ་གའི་ལེགས་ཆར་གཞི་ཚུགས་ནས་ཁྱད་ལྡན་ཐོན་ཁུངས་དང་རིག་གནས་ཀྱི་ནང་དོན་སྔོག་འདོན་བྱས་ཏེ། རིག་གནས་ལ་བརྟེན་ནས་ཡུལ་སྐོར་དར་བ་དང་། ཡུལ་སྐོར་ལ་བརྟེན་ནས་རིག་གནས་དར་སྤེལ་བཏང་ནས། རིག་གནས་རྒྱུན་འཛིན་དང་འབབ་འཕར་ཕྱུག་འགྱུར་གཅིག་རམ་གཅིག་འདེགས་ཀྱི་གཉིས་ཁེའི་ལམ་བུར་རྒྱུན་ཆད་མེད་པར་བསྐྱོད་ཡོད།
རྡོ་བརྐོས་ལག་རྩལ་ལས་རིག་གནས་ཟབ་མོ་མངོན་པ།
ཁང་དམར་གྱི་རྡོ་བརྐོས་རིག་གནས་ལ་ལོ་ངོ་བརྒྱ་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ལྡན་ཡོད། ཁུངས་འཚོལ་ར་སྤྲོད་བྱས་པར་གཞིགས་ན། དེ་གའི་ལོ་རྒྱུས་རིང་ཤོས་ཀྱི་རྡོ་བརྐོས་ནི་ཡོན་རྒྱལ་རབས་ཀྱི་དུས་མཇུག་དང་མིང་རྒྱལ་རབས་ཀྱི་དུས་འགོའི་བྲག་བརྐོས་སྐུ་བརྙན་ཡིན་པ་རེད།
ཁང་དམར་རྫོང་གྲོང་འདི་རྒྱལ་ལམ་219དང་562ཀྱི་འབྲེལ་མཚམས་སུ་གནས་པ་དང་། དེར་གསོལ་མགྲོན་ཁང་གཞན་དང་མི་འདྲ་བ་ཞིག་ཡོད། དེའི་ཨར་སྐྲུན་བཟོ་བཀོད་ཀྱི་ཁྱད་ཆོས་ནི་རྡོ་བརྐོས་རྟེན་མཛོད་ཁང་ཞིག་དང་འདྲ་བ་སྟེ། བར་ཁྱམས་ཀྱི་ཚོམས་ཆེན་དང་མགྲོན་ཁང་ལ་མ་ཎིའི་རྡོ་བརྐོས་ཀྱིས་མཛེས་རྒྱན་སྤྲས་པ་མ་ཟད། གྱང་ངོས་དང་སོ་ཕག་གི་མཛེས་བཟོའི་རྒྱུ་ཆ་དེ་ག་ནས་ཐོན་པའི་རྡོ་ཆས་སྤྱད་ཡོད།
མགྲོན་ཁང་དེ་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁང་ནོར་མ་ཎི་རྡོ་བརྐོས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་རྒོད་སྐྱེས་མཆོག་པས་མ་དངུལ་བཏང་ནས་བརྒྱབ་པ་ཞིག་རེད། ཁོང་ཆུང་དུས་ནས་ཕ་མེས་ཚོའི་ས་ནས་རྡོ་བརྐོས་ལག་རྩལ་སྦྱངས་ཏེ་དེ་ཉིད་ཚེ་གང་དོན་གཉེར་བྱེད་པའི་བྱ་གཞག་ཅིག་ཏུ་བརྩིས་ཡོད།
རྡོ་བརྐོས་ལག་རྩལ་ལས་བཟོ་བོའི་བརྩེ་བ་མངོན། 2005ལོ་ནས་2014ལོའི་བར། རང་ཉིད་ཀྱི་གཏན་འཇགས་ལས་ཀ་བསྐྱུར་ནས་ཕ་ཡུལ་དུ་རྡོ་ཆས་བཟོ་གྲྭ་ཆུང་ངུ་བཙུགས་པ་ནས་དགོན་པ་ཉམས་གསོར་མཁོ་བའི་རྡོ་གཡམ་བཙོངས་ཏེ་ཁེ་སྤོགས་དང་པོ་རག་པའི་བར་དང་། དེ་ནས་རྡོ་གཡམ་སྔོག་པ་དང་། ལས་སྣོན། ཕྱིར་འཚོང་བཅས་གཞི་གཅིག་ཏུ་འདུས་པའི་ཁང་ནོར་རྡོ་མ་ཎི་བཟོ་ཚོང་ཁེ་ལས་ཚད་ཡོད་ཀུང་སི་བཙུགས་པའི་བར། རྒོད་སྐྱེས་མཆོག་པའི་རྡོ་བརྐོས་ལས་སྣོན་བྱ་གཞག་དོན་གཉེར་གྱི་གོམ་སྟབས་བརྟན་པོ་ཡོད།
གཞུང་དྲང་དགོས་ལ་དེ་བས་གསར་གཏོད་བྱེད་དགོས། “མེས་པོའི་ལག་ནས་རྒྱུན་འཛིན་བྱས་པའི་ལག་ཤེས་བསྐྱུར་ན་མི་འགྲིག་ཀྱང་། རྙིང་ཞེན་མཁྲེགས་བཟུང་བྱས་ནས་བསྡད་ན་ལམ་ཐག་རིང་པོ་འཁྱོལ་མི་ཐུབ”ཅེས་རྒོད་སྐྱེས་མཆོག་པས་བཤད།
འཕེལ་རྒྱས་ཀྱི་བར་མཐོངས་སྔར་བས་རྒྱ་སྐྱེད་དང་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་ཆེད། རྒོད་སྐྱེས་མཆོག་པས་སྔ་རྗེས་སུ་ཧྥུའུ་ཅན་དང་། ཀྲེ་ཅང་། ཧྲན་ཏུང་སོགས་ལ་སློབ་སྦྱོང་དང་སྒྲིག་ཆས་ཉོ་བར་བསྐྱོད་ནས་ཡུལ་དེའི་རྡོ་གཡམ་རྒྱུ་ཆའི་བཟོ་རྩལ་གསར་པ་འཚོལ་ཞིབ་ཡང་ཡང་བྱས་པ་རེད།
2016ལོར་ཁེ་ལས་ལ་ཚད་བརྒལ་ཆེན་པོ་བྱུང་བ། འཕྲུལ་བརྐོས་དང་ལག་བརྐོས་ལག་རྩལ་ཟུང་སྦྲེལ་ཡག་པོ་བྱུང་བ་སྟེ། འཕྲུལ་ཆས་ཀྱིས་བརྐོས་རགས་ཙམ་བརྒྱབ་རྗེས་བཟོ་བོས་དེའི་ཐོག་ལག་བརྐོས་ཞིབ་ཚགས་བརྒྱབ་ནས་ཚོན་གཏོང་བ་དེ་ཡིན། གསར་གཏོད་དེས་བཟོ་བརྐོས་རེའི་དུས་ཚོད་སྔོན་མའི་ཟླ་བ་གཉིས་ནས་ད་ཆའི་ཟླ་ཕྱེད་ལས་འགོར་གྱི་མེད་པ་རེད།
“ཁེ་ལས་ཀྱི་འཕེལ་རྒྱས་ནི་ཏང་གི་སྲིད་ཇུས་བཟང་པོའི་རོགས་རམ་དང་ཁ་འབྲལ་ཐབས་མེད། དེར་བརྟེན་ངས་རང་འགུལ་ངང་སྤྱི་ཚོགས་ཀྱི་འགན་འཁྲི་ཁུར་ཏེ་ཡུལ་མི་དེ་བས་མང་བ་ལས་བརྩོན་འབབ་འཕར་ཡོང་བར་བྱས་ནས་ཕྱུག་པོ་ཆགས་པར་སྣེ་ཁྲིད་བྱེད་ཀྱི་ཡོད། མིག་སྔར་ངའི་ཁེ་ལས་སུ་གཏན་འཇགས་ལས་མི་48ཡོད། 2014ལོ་ནས་ད་བར་རིམ་རྩིས་བརྒྱབ་ན་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་48ལས་ཞུགས་བརྟན་པོ་ཡོང་བར་སྣེ་ཁྲིད་བྱས་པར་མི་རེར་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་10ཟིན་པ་མ་ཟད། དེ་གའི་མང་ཚོགས་བརྒྱ་ལྷག་ཙམ་ལ་སྐབས་བསྟུན་གྱི་ལས་ཞུགས་ལས་གནས་ཀྱང་མཁོ་འདོན་བྱས་ཡོད”ཅེས་ངོ་སྤྲོད་བྱས།
རིག་གནས་གླིང་ཞིག་ལས་མི་གཅིག་གི་སེམས་ནུས་མངོན་པ།
གནས་རྙིང་ཤང་དུ་བོད་བཟོའི་ཐོག་ཁང་ཆུང་ངུ་ཞིག་ལྷིང་འཇགས་ཁྲོད་ཀྲོང་ངེར་གནས་པ་དང་། སྒོའི་སྟེང་དུ“བོད་ཀྱི་སྲོལ་རྒྱུན་རིག་གནས་གླིང”ཞེས་བོད་རྒྱ་ཡིག་རིགས་གཉིས་འཁོད་པའི་སྒོ་བྱང་ཞིག་མངོན་གསལ་དོད་པོར་བཀལ་ཡོད།
སྲོལ་རྒྱུན་རིག་གནས་གླིང་འདི་རྒན་ཡོལ་ཞུས་པའི་གྲོང་ཚོའི་དགེ་རྒན་བུ་ཆུང་གིས་སེམས་ནུས་ཡོད་རྒུ་བཏོན་ནས་བསྐྲུན་པ་ཞིག་རེད། སྒོ་ཕྱེ་ནས་འཛུལ་མ་ཐག་འདྲེན་བྱེད་ཡུལ་དུ་འཆར་བ་ནི། ཁང་པ་སྟེང་ཤོད་གཉིས་ཀྱི་ཐོག་འགྲེམས་ཁང་16ཡོད་པ་དེས་འཕྲལ་མར་འདས་དོན་ལ་དྲན་གསོ་བྱེད་པར་ཁྲིད་པ་ལྟ་བུར་སྣང་། སྤྱི་ཚོགས་གསར་རྙིང་བསྡུར་བ་དང་། གནས་རྙིང་གི་དབྱིན་འགོག་དམག་འཁྲུག་གི་ལོ་རྒྱུས། གནས་རྙིང་གི་སྒོར་གཞས་སོགས་ཀྱི་པར་རྙིང་པ་རེ་རེ་ལས་སྔར་སོང་གི་ལོ་ཟླའི་བྱུང་བ་བརྗོད་བཞིན་ཡོད།
བུ་ཆུང་གིས་དུས་ཆེན་དང་གུང་གསེང་འཆར་རིམ་བཞིན་སློབ་གྲྭའི་དགེ་སློབ་དང་ཏང་ཡོན་ལས་བྱེད་པས་གཅིག་རྗེས་གཉིས་མཐུད་ངང་འགྲེམས་སྟོན་ལ་ལྟ་སྐོར་བྱེད་པར་འོང་གི་ཡོད་ཅེས་ངོ་སྤྲོད་བྱས། དེ་དུས་ཁོང་གིས་སྣེ་ཤན་པ་ཞིག་བྱས་ནས་རྟེན་རྫས་ཁང་སློབ་གཞིར་བྱས་ཏེ་འདས་ཟིན་པའི་ལོ་ཟླའི་བྱུང་བ་དང་དམངས་སྲོལ་རིག་གནས་སྐོར་མི་ཚང་མར་ཤོད་ཀྱི་ཡོད། རྟེན་རྫས་ཁང་སྒོ་ཕྱེ་བ་ནས་ད་བར་རིམ་རྩིས་བརྒྱབ་ན་ལྗོངས་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་1600ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད།
བུ་ཆུང་ནི་ད་དུང་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གནས་རྙིང་སྒོར་གཞས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཞིག་ཀྱང་ཡིན་པ་རེད།
ཁོང་ནི་རིག་གནས་རྒྱུན་འཛིན་བྱེད་མཁན་ཁེར་རྐྱང་ཞིག་མིན་ཞིང་། དེ་གའི་ཏང་ཨུད་དང་སྲིད་གཞུང་གི་ཤུགས་ཆེའི་རོགས་སྐྱོར་ལ་བརྟེན་ནས། 2004ལོ་ནས་2006ལོའི་བར་གནས་རྙིང་རིག་གནས་དུས་ཆེན་བསྟུད་མར་གཉེར་ཏེ་གནས་རྙིང་སྒོར་གཞས་དེ་ཀུན་གྱི་མཐོང་ཡུལ་དུ་འཁྲབ་ཐུབ་པ་བྱུང་བ་མ་ཟད། 2007ལོར་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཁག་གཉིས་པའི་མིང་གཞུང་དུ་ཚུད་པ་རེད།
རིག་གནས་དར་ན་གྲོང་གསེབ་དར། རིག་རྒྱུན་འཕེལ་ན་རིག་གནས་ཡུལ་སྐོར་དར།
ད་ཆ། ཤང་ཡོངས་སུ་རྒྱུན་འཛིན་པ་གཙོ་བོ་30ལྷག་ཙམ་ཡོད་པ་དང་། རྒྱུན་གཏན་གྱི་ནང་སྦྱོང་དང་ཕྱིར་འཁྲབ་སྟོན་བྱེད་པར་བསྐྱོད་སྐབས་ཡོང་འབབ་བརྟན་པོ་ཡོང་གི་ཡོད། གནའ་བོའི་སྒོར་གཞས་དེ་མཛེས་ལྗོངས་ཁུལ་ཆེ་གྲས་ཁག་ཏུ་ཡང་ཡང་འཁྲབ་སྟོན་བྱས་པས། ཁང་དམར་གྱི་བཀྲག་མདངས་འཚེར་སའི་རིག་གནས་ཀྱི་མིང་བྱང་ཞིག་ཏུ་གྱུར་ཡོད།
གཞན་ཡང་། གནས་རྙིང་ཤང་གིས་མི་ཆོས་རིག་གནས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོར་བརྟེན་ཐོག མངོན་མིན་རིག་གནས་ཤུལ་བཞག་དེ་ཉིད་སྦྲེལ་ཐག་ཏུ་བྱས་ཏེ་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། ས་གནས་དེ་གའི་རིག་གནས་ཡུལ་སྐོར་བྱེད་སྒོའི་ཚ་རླབས་རྒྱུན་མཐུད་འཕྱུར་བ་དེས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བའི་ཡིད་དབང་བཀུག་པ་མ་ཟད། མང་ཚོགས་ཀྱིས་དམངས་སྲོལ་གནས་ཚང་གཉེར་བ་སོགས་ཀྱི་བྱ་ཐབས་བརྒྱུད་ལས་ཞུགས་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་པས་ཁྱད་ལྡན་རིག་གནས་ཡུལ་སྐོར་གྱི་ལས་རྣམ་འཕེལ་རྒྱས་བརྟན་པོ་བྱུང་ཡོད།
གནའ་བོའི་གྲོང་ཚོ་དང་སྐྲུན་དངོས་ལ་གསོན་ཤུགས་རྒྱས་པ།
ལོ་ངོ་དྲུག་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་ས་ཕུད་སྒང་ཤང་གླང་པ་གྲོང་ཚོའི་གནས་རྟགས་གཙོ་བོ་ཞིག་ཡིན་པའི་གླང་མཐོང་གཞིས་ཀའི་བཟོ་བཀོད་ལ་སྲུང་སྐྱོབ་ཆ་ལག་ཚང་པོ་བྱུང་ཡོད། དེ་ནི་རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་ཞིག་ཡིན་ལ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་མངོན་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཞིག་ཀྱང་ཡིན།
ལོ་མང་རིང་། ས་ཕུད་སྒང་ཤང་གིས“རིག་དངོས་ལ་གསོན་ཤུགས་སྦྱིན་པའི”བསམ་ཕྱོགས་ལྟར། གླང་མཐོང་གཞིས་ཀའི་བྱེད་ནུས་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་པ་སྟེ། དངུལ་ཊམ་འགྲེམས་སྟོན་ཁང་དང་། ཚ་ཚ་དང་རྡོ་བརྐོས་རྟེན་མཛོད་ཁང་། དམངས་སྲོལ་གཉེན་སྟོན་མྱོང་རོལ་ཁང་སོགས་བཙུགས་ནས་རིམ་བཞིན་སྒོ་ཕྱེ་བ་དེས་ལོ་རྒྱུས་དག་ཀུན་གྱི་མཐོང་ཡུལ་དུ་གྱུར་ཐུབ་པ་བྱུང་ཡོད།
“ང་ཚོས་གླང་མཐོང་གཞིས་ཀའི་ལྗོངས་རྣམ་ལ་བརྟེན་ནས་ཁྱད་ལྡན་མྱོང་རོལ་གྱི་རྣམ་གྲངས་བཏོད་དེ་རྒྱུན་རྣམ་ཅན་གྱི་སྒོ་ནས་སྲོལ་རྒྱུན་གྱི་གཉེན་སྟོན་མཛད་སྒོ་གཉེར་གྱི་ཡོད”ཅེས་ཁང་དམར་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་རྡོ་རྗེས་ངོ་སྤྲོད་བྱས་པ་དང་། ཁོང་གིས“འགྲེམས་ཁང་ལ་བོད་ཀྱི་སྲོལ་རྒྱུན་གྱོན་ཆས་ཆ་ཚང་པོ་ཡོད་པས། སྲོལ་རྒྱུན་གྱི་གཉེན་སྟོན་བྱེད་སྟངས་མྱོང་ཐུབ་པ་མ་ཟད། བོད་ཀྱི་སྲོལ་རྒྱུན་རྒྱན་གོས་འགྲེམས་སྟོན་ལའང་ལྟ་ཐུབ་ཀྱི་ཡོད”ཅེས་བཤད།
2019ལོར། གླང་པ་གྲོང་ཚོ་ཀྲུང་གོའི་སྲོལ་རྒྱུན་གྲོང་སྡེ་ཁག་ལྔ་པར་ཚུད་ནས་གྲོང་ཚོ་ཡོངས་ཀྱི་འཕེལ་རྒྱས་ལ་སྒུལ་ནུས་དེ་བས་ཆེ་བ་བསྣན་ཡོད།
ཁང་དམར་རྫོང་ཡོངས་ཀྱི་གང་སར་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་མེ་ཏོག་རབ་ཏུ་བཞད་ནས་བཀྲག་མདངས་རྒྱས་ཡོད། མ་བུ་མཚོའི་གནའ་ཤུལ་དེ་ཡི་གེ་མ་བྱུང་གོང་གི་རིག་གནས་རྗེས་ཤུལ་ཞིག་ཡིན་ཞིང་། ས་གནས་དེ་གས་གནའ་ཤུལ་སྔོག་འདོན་དང་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་ལ་མཐོང་ཆེན་པོ་བྱས་ཏེ། རྒྱལ་ཁབ་ཀྱི་གནའ་རྫས་རྟོག་ཞིབ་གནའ་ཤུལ་སྤྱི་གླིང་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་ནས། ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་སྐལ་པ་ཡ་ཐོག་གི་ཤེས་དཔལ་རྒྱུན་འཛིན་བྱེད་ཀྱི་ཡོད་ལ། རྒྱལ་ཁབ་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་དང་རང་སྐྱོང་ལྗོངས་རིམ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཞིག་ཡིན་པའི་གནས་རྙིང་ཆོས་སྡེ་ཡིས་གཟི་བརྗིད་ལྡན་པའི་དབྱིན་འགོག་དམག་འཁྲུག་གི་ལོ་རྒྱུས་རྒྱུན་འཛིན་བྱས་ནས་གསར་བརྗེའི་སྙིང་སྟོབས་མི་ཉམས་པར་བྱས་དང་བྱེད་བཞིན་ཡོད།
རྡོ་རྗེས། འགོ་འཛུགས་ས་གསར་པར་གཞི་ཚུགས་ཏེ། ཁང་དམར་རྫོང་གིས“རིག་གནས་ཡུལ་སྐོར་གྱི་གྲགས་ཅན་རྫོང”འཛུགས་སྐྲུན་གྱི་དམིགས་ཚད་ལ་རྒྱུན་མཐུད་དམིགས་ནས། “ལྟེ་བ་གཅིག་དང་ཁུལ་གཉིས”ཀྱི་རིག་གནས་ཡུལ་སྐོར་ལུས་གསོའི་བཀོད་སྒྲིག་ལ་བརྟེན་ཏེ། རྒྱུན་འཛིན་དང་། བེད་སྤྱོད། འཕེལ་རྒྱས་བཅས་ཀྱི་ལས་དོན་གསུམ་ལེགས་པར་བསྒྲུབས་ནས་ས་མཐོའི་རིག་རྒྱུན་ལ་གསོན་ཤུགས་རྒྱས་པ་དང་། གྲོང་གསེབ་འཕེལ་རྒྱས་ལ་སྔར་བས་གདེང་ཚོད་ལྡན་པ། མང་ཚོགས་ཀྱི་འཚོ་བ་བདེ་ཞིང་སྐྱིད་པ་བཅས་ཡོང་བ་བྱ་རྒྱུ་ཡིན་ཞེས་གསར་འགོད་པར་བཤད།
འབྲེལ་ཡོད་གསར་འགྱུར།