དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ཡར་ཀླུང་གཙང་པོའི་ཐོག་ལ། རྫིག་ཉམས་ཟམ་ཆེན་བསླངས་སོང་།

    ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཟ་ར་ལམ་གཙང་སྒྲོལ་ཟམ་ཆེན་རྣམ་གྲངས་འཛུགས་སྐྲུན་གྱི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-13

    ཟླ་བདུན་པའི་ཡར་ཀླུང་གཙང་པོར་རླབས་ཕྲེང་ཆལ་ཆིལ་གཡོ་ཞིང་རླུང་པོ་དལ་གྱིས་ལྡང་། ཀྲུང་གོ་ལྕགས་ལམ་ཅུས་ཉི་ཤུ་པ་ཁྲེང་ཐུང་ཀུང་སིས་སྐྲུན་འགན་འཁུར་བའི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཟ་ར་ལམ་གཙང་སྒྲོལ་ཟམ་ཆེན་གྱི་ཨར་སྐྲུན་བྱ་ཡུལ་དུ། གཙང་པོའི་ཐོག་གཡུ་འབྲུག་སྔོན་མོ་འཕྲེད་དུ་ཉལ་བ་ལྟ་བུའི་ཟམ་ཆེན་དེ་ཡང་ཐོག་མའི་སྒྲོམ་གཞི་ཆགས་ཟིན། མིག་སྔར། ཟམ་ཆེན་གྱི་གཡས་ངོས་ཟམ་སྣེ་མཐུད་ཟིན་པ་དང་ཟམ་དབྱིབས་དེ་ནི་ཤིན་ཏུ་རིང་བའི་ལག་ངར་ཇི་བཞིན་གཙང་པོའི་ཕར་ངོགས་སུ་མུ་མཐུད་རྐྱོང་བཞིན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཟམ་ཆེན་དེའི་སྤྱི་རིང་ཚད་ལ་སྨི་1457དང་། མ་ཟམ་གྱི་རིང་ཚད་ལ་སྨི་1366 ཟམ་ངོས་ཀྱི་སྤྱིའི་ཞེང་ཚད་ལ་སྨི་26བཅས་ཟིན་གྱི་ཡོད་པ་དང་། ཕྱོགས་གཉིས་བཞི་སྒྲིག་འཁོར་ལམ་གྱི་ཚད་གཞི་ལྟར་འཆར་འགོད་བྱས་ཤིང་། དེ་ནི་ཡར་ཀླུང་གཙང་པོའི་ལྷོ་བྱང་ངོགས་གཉིས་སྦྲེལ་མཐུད་བྱེད་པའི་འགྲིམ་འགྲུལ་ལྟེ་གནས་ཡིན་པ་རེད།

    ད་ཆ། འཕྲུལ་འཁོར་གྱི་ལྡིར་སྒྲ་དང་ལས་མིའི་སྐད་སྒྲའི་ཁྲོད་འཛུགས་སྐྲུན་པ་རྣམས་ཀྱིས་ལྷན་དུ་བརྩམས་པའི་འབད་འབུངས་ཀྱི་དབྱངས་སྙན་ཞིག་གཙང་ངོས་ཀྱི་རླུང་བུའི་འགྲོས་དང་བསྟུན་ནས་རྒྱང་རིང་ཕྱོགས་སུ་གྲགས་བཞིན་ཡོད།

    ལོ་42ལ་སོན་པའི་སྐལ་བཟང་ནོར་བུས་ཉོས་ནས་དུས་ཡུན་རིང་པོ་མ་སོང་བའི་སྐྱེལ་འདྲེན་རླངས་འཁོར་འགྲམ་དུ་ལངས་ཏེ་འཛུམ་བཞིན་དུ་རླངས་འཁོར་གྱི་ཐལ་རྡུལ་ཕྱིས་ཙམ་བྱས། ཁོང་ནི་ཟ་ར་སྡེ་ཁུལ་གྱི་ས་སྐྱེས་རྡོ་སྐྱེས་ཀྱི་གྲོང་མི་ཞིག་ཡིན། ན་ནིང་ཟམ་ཆེན་སྐྲུན་འགོ་ཚུགས་ནས་ཡུན་རིང་མ་སོང་བར་སྐལ་བཟང་ནོར་བུས་དངུལ་བུན་གཡར་ནས་རླངས་འཁོར་དེ་ཉོས་པ་དང་། དུས་དེ་ནས་བཟུང་། སྐྱེལ་འདྲེན་རླངས་འཁོར་དེ་ནང་མི་ཡོངས་ཀྱི“ཁྱིམ་ནོར”གལ་ཆེ་ཤོས་སུ་གྱུར།

    “འཁོར་བསྟུན་ལྗིད་འདེགས་སྐྱེལ་འདྲེན་རླངས་འཁོར་དང་སྔོག་འཕྲུལ་ཆེ་གྲས་སོགས་ཚང་མ་ཆ་ཚང་པོ་ཡོད་པས། ལས་གྲྭ་ཡོད་ཕྱིན་ལས་ཀ་གང་ཡིན་ཡང་བྱེད་ཐུབ་ཀྱི་འདུག”ཅེས་སྐལ་བཟང་ནོར་བུས་བརྗོད་པ་དང་། ཁོང་གིས་མཛུབ་རྩིས་རྒྱག་གིན་གསར་འགོད་པར། ཉིན་རེར་ཆ་སྙོམས་ཡོང་འབབ་སྒོར་1300ཡས་མས་རག་གི་འདུག་པས་ཁྱིམ་གྱི་འཚོ་བའི་ཆ་རྐྱེན་ཡང་ཧ་ཅང་ཡག་ཏུ་ཕྱིན་སོང་ཞེས་བརྗོད།

    ཟ་ར་ལམ་གཙང་སྒྲོལ་ཟམ་ཆེན་གྱི་རྣམ་གྲངས་ལ་བརྟེན་ནས་སྐལ་བཟང་ནོར་བུ་ལྟ་བུའི་ཁྱིམ་གྱི་སྒོ་རྩ་ནས་ཡོང་འབབ་བསགས་ཐུབ་མཁན་མི་ཉུང་བ་ཞིག་ཡོད།

    ལས་གྲྭ་འགོ་ཚུགས་སྐབས། ཨར་སྐྲུན་ཚན་པས་ཟ་ར་སྡེ་ཁུལ་ནས་ཨར་སྐྲུན་འཕྲུལ་ཆས་30བོགས་གཡར་བྱས་ཤིང་། ཡུལ་དེ་གའི་མང་ཚོགས་50ལྷག་ཙམ་འཛུགས་སྐྲུན་ནང་བསྐོང་སྡུད་བྱས་ཡོད། སྐྱེལ་འདྲེན་རླངས་འཁོར་ཕར་འགྲོ་ཚུར་འོང་དང་འབྲད་འཁོར་ཡར་འདེགས་མར་འབེབས་བྱེད་པའི་སྐབས་སུ་ཡུལ་དེ་གའི་ཁ་ལོ་བའི་གཟུགས་བརྙན་ཡང་སེ་མཐོང་རྒྱུ་ཡོད།

    ཁ་ལོ་སྒྱུར་ཁང་ནང་། སྒྲོམ་འདེགས་ཁ་ལོ་བས་བཀོལ་རྒྱུག་དམ་པོར་བཟུང་ཞིང་འདེགས་དཔུང་དལ་གྱིས་འགུལ་ནས་ཨར་སྐྲུན་རྒྱུ་ཆ་གནད་སྨིན་ངང་དཔྱང་འདེགས་སྐྱེལ་འདྲེན་བྱེད་བཞིན་ཡོད།

    སྒྲོམ་འདེགས་འོག་ཏུ་ས་ངོས་ཀྱི་བཀོད་འདོམས་པས་ལག་ཏུ་མཚེ་འཕྲིན་ཁ་པར་ཐོགས་ཏེ་མགོ་བོ་ཡར་བཏེགས་ནས་འདེགས་དཔུང་གི་ཕྱོགས་སུ་ལྟ་བཞིན་ཁ་གསལ་གོ་བདེའི་ལག་བརྡ་བྱེད་བཞིན་ཡོད་པ་རེད།

    ཉམས་ཞིབ་བྱས་ནས་ཤེས་རྟོགས་བྱུང་བར། སྒྲོམ་འདེགས་ཁ་ལོ་བ་དང་ས་ངོས་ཀྱི་བཀོད་འདོམས་པ་མི་ཉུང་བ་ཞིག་བཟའ་ཚོ་ཡིན་ཞིང་། ཁྱོ་གས་མཐོངས་ནས་བཀོལ་སྤྱོད་དང་བཟའ་ཟླས་གཤམ་ནས“བཀའ་འབེབས་བཀོད་འདོམས”བྱེད་ཀྱི་ཡོད་པ་རེད།

    ས་སྲིབ་དུས་སུ་ཨར་སྐྲུན་བྱ་ཡུལ་རིམ་བཞིན་ཁ་ཁུ་སིམ་མེར་གྱུར་ཡང་དྲོད་འཁོལ་གཞན་ཞིག་ས་དེ་རུ་འཕྱུར་བཞིན་ཡོད།

    གཞིས་རྩེ་ནས་ཡིན་པའི“95ནང་སྐྱེས”ཀྱི་དབང་ཕྱུག་ལས་ཀ་བྱས་ཏེ་ཉིན་གཅིག་སོང་ནས་ཉལ་ཁང་དུ་ལོག་རྗེས་སྒྲ་སྙན་ཐོགས་ཏེ་ལས་རོགས་ཚོར་གཞས་འགའ་དཀྲོལ་གཏོང་བྱས་ཤིང་། སྙན་འཇེབས་འགྱུར་ཁུག་ས་མཐོའི་མཚན་མོར་ཡོངས་སུ་ཁྱབ།

    ལྕགས་རྩིབས་ཨར་འདམ་ཁྲོད། སྡོད་གནས་ཆུང་ཆུང་དེ་རུ་རྒྱུད་མང་གི་སྒྲ་དང་ཇ་ཚ་པོ་ཕོར་པ་གང་གིས་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ལས་བཟོ་རྣམས་ལ་ཁྱིམ་གྱི་དྲོ་སྐྱིད་སྦྱིན།

    ཉིན་ལྟར་ཞོགས་པ་ཨར་སྐྲུན་བྱ་ཡུལ་དུ་བདེ་འཇགས་ཞོགས་ཚོགས་དུས་ཐོག་ཏུ་འཚོགས་ཀྱི་ཡོད། རྣམ་གྲངས་ཀྱི་ཅིང་ལི་དང་ལག་རྩལ་འགན་འཁུར་བ་རེ་རེ་བཞིན་གྱིས་བདེ་འཇགས་གླེང་བ་དང་། ཚད་གཞི་བརྗོད་པ། ཉེན་བརྡ་གཏོང་བ་བཅས་བྱེད་ཀྱི་ཡོད།

    “ས་མཐོའི་ཨར་སྐྲུན་གྱི་གནམ་གཤིས་འགྱུར་ལྡོག་ཆེ་ལ་མཐོ་འཛེགས་ལས་སྒྲུབ་ཀྱི་ཉེན་ཁའང་ཆེན་པོ་ཡོད། བདེ་འཇགས་ལ་ལྷོད་གཡེང་སྤུ་ཙམ་ཡང་གཏོང་རྒྱུ་མེད”ཅེས་རྣམ་གྲངས་ཀྱི་བདེ་འཇགས་པ་ཝང་ལུང་གིས་ནན་གྱིས་བརྗོད། སྲུང་ཞྭ་གྱོན་པ་ནས་མཐོ་འཛེགས་ལས་སྒྲུབ་ཀྱི་འགོག་སྲུང་བར་དང་། གློག་སྤྱོད་ཚད་གཞི་ནས་འཕྲུལ་ཆས་བཀོལ་སྤྱོད་བར། ལྷུ་ཚིགས་ཚང་མར་སྐོར་ཞིབ་དང་དོན་འཁྱོལ་བྱེད་མཁན་གྱི་ཆེད་བསྐོས་མི་སྣ་ཡོད།

    ཟམ་ཆེན་ཞིག་ལ་བརྟེན་ཏེ་འོབས་ཆེན་བདེ་ལམ་དུ་གྱུར་ཞིང་། ཟམ་པ་ལས་ཀྱང་མི་སེམས་འགུལ་བ་ནི་འཛུགས་སྐྲུན་པ་དེ་དག་ཡིན། ཁོ་ཚོ་ས་ཆ་མི་འདྲ་བ་ནས་ཡོང་ཞིང་ཡུལ་སྐད་མི་འདྲ་བ་བརྒྱབ་ཀྱང་ཟམ་ཆེན་དེའི་ཐོག་དཔུང་པ་མཉམ་གཤིབ་ཀྱིས་ལས་ལ་གཞོལ་ཏེ་ཕན་ཚུན་ལྟ་སྐྱོང་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།