དབུ་ཤོག>ཞིང་འབྲོག་གསར་པ།
  • འཕོ་འགྱུར་གྱི་དཔང་པོ་བྱེད་པའི་རྫོང་ཆུའི་ཟམ་པ་གསུམ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-07-12

    འདི་ནི་རྫོང་ཆུའི་བདེ་སྐྱིད་ཟམ་པ་ཡིན་པ།

    འདི་ནི་རྫོང་ཆུའི་རྫ་ཤུལ་ཟམ་ཆེན་ཡིན་པ།

    འདི་ནི་རྫོང་ཆུའི་ལྷ་མཐོང་ཟམ་ཆེན་ཡིན་པ།

    ཞོགས་པ་སྔ་པོར། རྫོང་ཆུའི་སྒྲ་ཤང་ཤང་དུ་གྲགས་འོངས།

    ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གྲོང་ཁུལ་རྙིང་པའི་ནུབ་མཐར་བདེ་སྐྱིད་ཟམ་པ་ཆུ་ངོས་སུ་ཁུ་སིམ་མེར་གནས་པ་དེ་ཐག་མི་རིང་བའི་སར་བསྐྲུན་པའི་ཟམ་པ་གསར་པ་གཉིས་དང་བསྡུར་ན་ལོ་ཟླའི་ཉམས་རྒུད་ཀྱི་རྣམ་པ་ཞིག་ངང་གིས་མངོན།

    ལོ་80ལ་སླེབས་པའི་ཚེ་རིང་དབང་གྲགས་ཟམ་པའི་སྟེང་དུ་དལ་བུར་སྐྱོད་ཞོར་རྒྱང་རིང་ལ་ལྟ་གིན་དུ“ཟམ་པ་འདི་ང་དང་ལོ་མཉམ་རེད། ཡིན་ནའང་སྔོན་ཆད་ཟམ་པ་འདི་རྫོང་ཡོངས་ཀྱི་མི་སེར་ཚང་མ་ཆུ་བོ་སྒྲོལ་བའི་ཟམ་པ་ཉག་ཅིག་དེ་རེད”ཅེས་བཤད།

    ཟམ་པ་དང་པོའི་མིང་ལ“བདེ་སྐྱིད”ཟེར།

    ཆུ་བོ་གྲོང་ཁྱེར་དཀྱིལ་ནས་བཞུར། ངོགས་གཉིས་རྣམ་པ་ཐ་དད་མངོན།

    དུས་རབས་འདིའི་དུས་འགོར། རྫོང་ཆུས་སྟེང་ཆེན་རྫོང་གྲོང་ལྷོ་བྱང་ངོགས་གཉིས་སུ་ཕྱེ་ཞིང་། བྱང་ངོགས་ནི་དར་རྒྱས་དང་འདུ་འཛི་ཆེ་བའི་རྫོང་གྲོང་ཡིན་པ་དང་། ལྷོ་ངོགས་ནི་རྫི་གླུ་ལྷང་ལྷང་དུ་གྲགས་པའི་སྟེང་ཆེན་གྲོང་ཚོ་དང་སློབ་གྲྭ་ཁག་གཅིག་ཡིན། ཆུ་བོའི་སྟེང་དུ་མི་སེར་ཚོས་ཤིང་ཟམ་སྟབས་བདེ་ཞིག་བརྒྱབ་ཅིང་དེའི་ཐོག་མི་ཕྱུགས་བསྐྱོད་ཚེ་ཡམ་མེ་ཡོམ་མེ་བྱེད་ཀྱི་ཡོད།

    “ལྷགས་པ་ཆེ་ཙམ་བརྒྱབ་ཚེ་མི་ཡང་ཆུའི་ནང་ཟགས་གྲབས་བྱེད་ཀྱི་ཡོད། སློབ་ཆུང་སློབ་ཕྲུག་ཚོ་སློབ་གྲྭ་གྲོལ་རྗེས་ངེས་པར་དུ་ཁྱིམ་བདག་གིས་ཁྲིད་དེ་སྐྱོད་དགོས་ཀྱི་ཡོད” “རླངས་འཁོར་དང་འབོར་ཆེའི་དངོས་ཟོག་ཡིན་ཚེ་རྒྱལ་ལམ་317རྒྱུད་ཀྱི་གཞུང་ཟམ་བརྒྱུད་དེ་སྐྱོད་དགོས་པས་དུས་ཚོད་དང་ནུས་ཤུགས་མང་པོ་འདོན་དགོས”ཞེས་ཚེ་རིང་དབང་གྲགས་ཀྱིས་བཤད།

    རྫོང་གྲོང་མིག་མདུན་དུ་ཡོད་པ་ལྟར་སྣང་ཡང་དེར་བསྐྱོད་ཚེ་ལམ་བསྐོར་ནས་ཐག་རིང་པོ་བསྐྱོད་དགོས། ནམ་ཞིག་ཟམ་པ་ཞིག་བརྒྱབ་ནས་རླངས་འཁོར་བཏང་སྟེ་ཐད་ཀར་རྫོང་གྲོང་དུ་བསྐྱོད་རྒྱུ་ནི་ས་གནས་དེ་གའི་མི་སེར་སྟོང་ཕྲག་ཁ་ཤས་ཀྱི་བསམ་འདུན་ཡིན།

    2003ལོར། ཟམ་རྡོ་བཏིང་ཡང་མ་དངུལ་དཀོན་སྟབས་ཟམ་ངོས་སུ་སྔར་བཞིན་པང་གཅལ་བཏིང་བས་རླངས་འཁོར་སྐྱོད་ཐུབ་ཀྱི་མེད། སྐབས་དེ་དུས་སྟེང་ཆེན་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2དང་ཐོན་ལས་གཉིས་པའི་འཕར་ཐང་སྒོར་ཁྲི་400ཡང་ཟིན་གྱི་མེད།

    2010ལོར་སླེབས་སྐབས། ཐེན་ཅིན་གྱི་བོད་སྐྱོར་རྣམ་གྲངས་ཀྱི་མ་དངུལ་འབྱོར་བས་ཟམ་ངོས་དངོས་སུ་བཏིང་ནས་མིང་ལ“བདེ་སྐྱིད”ཟམ་པ་ཞེས་བཏགས་ཤིང་། དེའི་རིང་ཚད་ལ་སྨི་16དང་ཞེང་ཚད་ལ་སྨི་8ཡོད་པས་རླངས་འཁོར་ཆེ་གྲས་ཀྱང་འགྲོ་ཆོག་གི་ཡོད།

    ཟམ་པ་ཤར་གཏོང་ཐུབ་པའི་ཉིན་དེར་ངོགས་གཉིས་སུ་མང་ཚོགས་མང་པོ་འདུས་ཤིང་། མང་ཚོགས་ཁ་ཤས་ཀྱིས་མིག་ལ་མཆི་ཞག་འཁོར་བཞིན་ཟམ་པར་ཁ་བཏགས་གཡོགས་ནས“འདི་ནི་དངོས་འབྲེལ་དམངས་སེམས་ཟམ་པ་ཞིག་རེད”ཅེས་བཤད།

    ཟམ་པ་གཉིས་པ་ནི་དབུལ་སྒྲོལ་ཐུབ་པའི་ཆེད་དུ་བརྒྱབ་པ།

    དུས་རབས་འདིའི་ལོ་རབས་10པར་སླེབས་སྐབས། སྔོན་ཆད་དང་བསྡུར་ན་སྟེང་ཆེན་རྫོང་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། 2015ལོར། རྫོང་དེ་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་14.74བར་འཕར་བ་དང་། རྫོང་གྲོང་ཡང་ཤར་ཕྱོགས་སུ་རྒྱ་སྐྱེད་ཐུབ་ནས་རིམ་བཞིན་སྟོབས་ཆེར་ཕྱིན་པས་མི་མང་པོ་ཞིག་རི་ཁུག་ནས་ཐོན་ཏེ་རྫོང་གྲོང་གི་མཐའ་འཁོར་དུ་སྤོས།

    2016ལོར་སྟེང་ཆེན་རྫོང་གིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་པའི་ལས་དོན་སྤེལ་འགོ་ཚུགས་ཤིང་། རྫ་ཤུལ་སྡེ་ཁུལ་དུ་ཡང་ཐོག་བརྩེགས་ཁང་ཆེན་སྐྲུན་འགོ་ཚུགས་ཡོད། 2017ལོའི་ཟླ་3པར་རྫ་ཤུལ་ཟམ་ཆེན་སྐྲུན་འགོ་ཚུགས་པ་རེད། ཟམ་སྣེ་གཅིག་ཏུ་རྫ་ཤུལ་སྡེ་ཁུལ་གྱི་ཡུལ་གཞན་དུ་གནས་སྤོས་བྱ་ཡུལ་ཡིན་པ་དང་། གཅིག་ཤོས་སུ་རྫོང་གྲོང་གི་ཁུལ་རྙིང་དང་ཁུལ་གསར་གྱི་འབྲེལ་མཚམས་རེད། ཟམ་པ་འདིའི་སྤྱིའི་རིང་ཚད་ལ་སྨི་257དང་། ཟམ་ངོས་ཀྱི་ཞེང་ཚད་ལ་སྨི་12ཡོད། ཟམ་པ་དེས་ས་ཡོམ་ཐེག་ཐུབ་ལ་ཆུ་ལོག་ཀྱང་སྔོན་འགོག་ཐུབ་ཀྱི་ཡོད།

    གྱང་སྔོན་ཤང་དཀྱིལ་མཁར་གྲོང་ཚོ་ནས་རྫ་ཤུལ་སྡེ་ཁུལ་དུ་སྤོས་རྗེས། ཕ་ཡུལ་དུ་ལོག་ཡོང་བའི་སློབ་ཆེན་སློབ་མ་པད་མ་དབྱངས་སྐྱིད་ཀྱིས“བཀྲ་ཤིས་ཉིས་བརྩེགས”ཞེས་པའི་སྒོ་རྩིས་ཚོང་ཁང་ཞིག་བཙུགས་པར་ཟླ་རེར་ཁེ་གཙང་སྒོར་ཁྲི་གསུམ་ཙམ་ཡོང་གི་ཡོད་པ་རེད། “ལས་ཐག་བཅད་རྗེས་མི་མང་པོ་ཡོང་གི་འདུག དེར་བརྟེན། སྡེ་ཁུལ་གྱི་སྒོ་རྩིས་ཚོང་ཁང་དང་། བཏུང་བྱ་ཁང་། ཇ་ཁང་། བསྲེགས་ཟས་ཁང་བཅས་ཀྱི་ཚོང་ཧ་ཅང་ཡག་པོ་འདུག”ཅེས་པད་མ་དབྱངས་སྐྱིད་ཀྱིས་འཛུམ་དམུལ་དམུལ་ངང་བརྗོད།

    སྡེ་ཁུལ་གྱི་ལས་དོན་པ་པད་མ་ཕུན་ཚོགས་ཀྱིས་གསར་འགོད་པར་རྫ་ཤུལ་སྡེ་ཁུལ་དུ་རྒྱུན་སྡོད་དུད་ཚང་1147གྱི་མི་3162ཡོད། 2021ལོར་སྡེ་ཁུལ་དུ་མྱུ་གུ་བུ་བཅོལ་ཁང་གསར་དུ་བསྐྲུན་པ་དང་། 2022ལོར་མཉམ་སྡེབ་ཐོན་ལས་ཀྱི་དམངས་དར་སྒོ་རྩིས་ཚོང་ཁང་དངོས་སུ་སྒོ་ཕྱེ་བས་འཕེལ་རྒྱས་ཉིན་རེ་ལས་མ་འདས་པར་ཇེ་ཡག་ཏུ་འགྲོ་བཞིན་འདུག་ཅེས་བརྗོད།

    ཟམ་པ་གསུམ་པ་མ་འོངས་པར་ཕྱོགས་པ།

    ད་ལོའི་ཟླ་1ཚེས་1ཉིན་གནམ་ལོ་གསར་པའི་ཉི་མའི་འོད་ཟེར་རྫོང་ཆུར་འཕྲོ་སྐབས་ལྷ་མཐོང་ཟམ་ཆེན་དངོས་སུ་ཤར་གཏོང་ཐུབ་ཡོད།

    མ་དངུལ་སྒོར་ཁྲི་9660བཏང་བའི་ཟམ་ཆེན་དེའི་རིང་ཚད་ལ་སྨི་240དང་ཞེང་ཚད་ལ་སྨི་20ཡོད་ཅིང་གཞོགས་གཉིས་སུ་འཁོར་ལམ་གཉིས་རེ་ཡོད། ཟམ་ཆེན་དེ་ནི་དཀར་གཙང་མཇལ་དར་ཞིག་དང་འདྲ་བར་རྫོང་གྲོང་གི་ཁུལ་གསར་དང་ཐོན་ལས་གླིང་ཁུལ་གཉིས་གཞི་གཅིག་ཏུ་སྦྲེལ་ཡོད་པ་དང་རླངས་འཁོར་བཏང་ནས་བསྐྱོད་ན་ཟམ་པ་སྒྲོལ་བར་སྐར་ཆ་25ལས་འགོར་གྱི་མེད།

    རླངས་འཁོར་ཤར་གཏོང་ཐུབ་པའི་ཉིན་དེར་དགུང་སྔོན་ཚོང་གཉེར་ཚད་ཡོད་འགན་འཁྲི་ཀུང་སིའི་ལག་རྩལ་རྐང་འཛིན་པ་བསོད་ནམས་བློ་གྲོས་ཀྱིས་ཆེད་མངགས་རྫོང་གྲོང་གི་ཁུལ་གསར་ནས་རླངས་འཁོར་བཏང་སྟེ་ཟམ་སྟེང་ནས་ཡོང་ཡོད། “དེ་སྔ་གཙང་ཆུ་སྒྲོལ་སྐབས་རྫོང་གྲོང་གི་ཁུལ་རྙིང་པ་སྐོར་དགོས་པས་སྟབས་ཧ་ཅང་བདེ་པོ་མེད། ད་ཆ་སྐར་མ་གཉིས་ནང་འབྱོར་གྱི་འདུག ལྷ་མཐོང་ཟམ་ཆེན་ནི་ང་ཚོའི་རྫོང་གི‘དྲ་གྲགས་ཟམ་ཆེན’ཡིན་ཞིང་། དེའི་ཐོག་བསྐྱོད་ཚེ་གྲོང་ཁྱེར་ཆེན་པོར་སླེབས་པའི་ཚོར་སྣང་ཟབ་མོ་ཡོང་གི་འདུག”ཅེས་བསོད་ནམས་བློ་གྲོས་ཀྱིས་བརྗོད་པ་དང་། ཁོང་གིས་རླངས་འཁོར་གྱི་ཤེལ་སྒོ་ཕྱེ་བ་དང་བསྟུན་ནས་རླུང་བུ་བསིལ་བསིལ་ཞིག་ངོ་ལ་ལྡང་འོངས།

    “ཟམ་པ་འདི་ནི་རྫོང་གྲོང་གི་ཁུལ་གསར་དང་ཐོན་ལས་གླིང་ཁུལ་གཉིས་སྦྲེལ་བའི་བགྲོད་ལམ་གལ་ཆེན་ཞིག་ཡིན་ལ། འདི་ཉིད་སྟེང་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད”ཅེས་སྟེང་ཆེན་རྫོང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་བཀྲ་ཤིས་དབང་མོས་བརྗོད་ཅིང་། ཁོང་གིས། 2025ལོར་རྫོང་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་29.7ཟིན་པ་དང་རྨང་གཞིའི་སྒྲིག་བཀོད་དེ“བཅུར་འགག་ཐེབས་བྱེད”ནས“ཕྱོགས་ཡོངས་ནས་འདེགས་སྐྱོར”བྱེད་པའི་ཕྱོགས་སུ་འགྱུར་བཞིན་ཡོད་ཅེས་བརྗོད།

    ཆུ་བོ་ནི་སྔོན་མའི་ཆུ་བོ་དེ་ཡིན་མོད། འོན་ཀྱང་ཟམ་པ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་ལ་ལམ་བུ་ཡང་ཇེ་ཡངས་ནས་ཇེ་ཡངས་སུ་འགྲོ་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།