དབུ་ཤོག>ཞིང་འབྲོག་གསར་པ།
  • ལོ་དྲུག་ཅུར་སླེབས་པའི་རྒན་པོ་ཞིག་གི་ཕུལ་བྱུང་རྩལ་ནུས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-07-10

    འདི་ནི་ཡེ་ཤེས་རྒྱལ་མཚན་གྱིས་ཁྱིམ་མཚེས་ལ་རྒྱུན་སྤྱོད་ཡོ་བྱད་ཉམས་བཟོ་བྱེད་རོགས་བྱེད་བཞིན་པ།

    ད་ལོའི་བྲག་གཡབ་རྫོང་གི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོའི་དེང་རབས་གློག་ལས་རྩལ་ནུས་འགྲན་བསྡུར་བྱ་ཡུལ་དུ། རྒན་པོ་ཞིག་གིས་ལྟད་མོ་བ་ཀུན་གྱི་ཡིད་དབང་བཀུག ཁོང་གིས་ཧ་ཅང་བྱང་ཆ་དོད་པོའི་ངང་སྐམ་པ་སྤྱད་དེ་གློག་སྐུད་བཅད་རྗེས་ལམ་སེང་འགྱིག་ཤོག་དཀྲིས་ཤིང་། ཅང་མ་འགོར་བར་རྙོག་འཛིང་ཆེ་བའི་གློག་སྐུད་མཐུད་ཚར་ནས་བརྡ་རྟགས་གློག་བཞུ་དག་རིམ་བཞིན་འབར།

    “ཡེ་ཤེས་རྒྱལ་མཚན་ལ་དེང་རབས་གློག་ལས་རྩལ་ནུས་འགྲན་བསྡུར་ཁྲོད་ཨང་གསུམ་པ་ཐོབ”ཅེས་ཤན་འབྱེད་པས་སྐད་གསང་མཐོན་པོས་ཁྱབ་བསྒྲགས་བྱས་པ་དང་བསྟུན་ནས་ས་གནས་ས་ཐོག་ཏུ་ཐལ་མོའི་རྡེབ་སྒྲས་ཁེངས།

    དེ་ནི་ཁོང་གིས་གར་སྟེགས་སུ་འཛེགས་ནས་བྱ་དགའ་ལེན་ཐེངས་གཉིས་པ་རེད། 2025ལོར་བྲག་གཡབ་རྫོང་གི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོའི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སྒྲོག་འགྲེལ་འགྲན་བསྡུར་ཁྲོད་ཁོང་ལ་བྱ་དགའ་ཨང་གསུམ་པ་ཐོབ།

    ཁྱབ་ཁོངས་རྦད་དེ་མི་འདྲ་བ་གཉིས་ནས་ལོ་གཅིག་ལས་མ་འགོར་བར་རྫོང་རིམ་པའི་བྱ་དགའ་ཐེངས་གཉིས་ཐོབ་པ་འདི་ས་གནས་དེ་གའི་འགྲན་ཞུགས་བདམས་ཐོན་པའི་ཁྲོད་དུ་སྐད་གྲགས་ཆོད། ཡེ་ཤེས་རྒྱལ་མཚན་གྱིས་རང་ཉིད་ཀྱི་བྱ་སྤྱོད་ལ་བརྟེན་ནས་འཁྲིས་ཀྱི་མི་རྣམས་ལ་གལ་སྲིད་འབད་འབུངས་ཧུར་བརྩོན་བྱས་ཚེ། ག་དུས་ཡིན་ཡང་གྲུབ་འབྲས་ཐོབ་ངེས་ཡིན་པ་ར་སྤྲོད་བྱས།

    2025ལོར། ཆབ་མདོ་གྲོང་ཁྱེར་གྱིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོ་སྤེལ་འགོ་ཚུགས་ཤིང་། གནས་ཚུལ་དེ་རང་གྲུབ་ཤང་དུ་ཁྱབ་སྐབས་ཡེ་ཤེས་རྒྱལ་མཚན་ལ་ཡང་འགྲན་བསྡུར་ལ་ཞུགས་རྒྱུའི་བསམ་བློ་འཁོར།

    ཁོང་གིས“ཏང་གི་དམངས་ཕན་སྲིད་ཇུས་ཀྱིས་མི་སེམས་དྲོ་བར་བྱེད”ཅེས་པ་སྒྲོག་འགྲེལ་གྱི་བརྗོད་དོན་གཙོ་བོར་བདམས། འགྲན་བསྡུར་གྱི་སྔ་ནུབ་ཏུ་ཁོང་གིས་སྒྲོག་འགྲེལ་མ་ཟིན་ཐེངས་མང་བཀླགས་པ་དང་འབྲེལ་མེ་ལོང་ལ་བལྟས་ཏེ་སྦྱོང་བརྡར་ཡང་ཡང་བྱས།

    ཁོང་གིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་དམངས་ཕན་སྲིད་ཇུས་དག་མི་སེར་གྱིས་གོ་བའི་སྐད་ཆའི་ལམ་ནས་བཤད་ཅིང་། སྨན་ཡོན་རྩིས་ཞུའི་སྐོར་ཤོད་སྐབས་གྲོང་ཚོ་དེ་གའི་ཡུལ་མིས་སྨན་བཅོས་གནས་ཚུལ་དཔེར་དྲངས་པ་དང་། ཐོན་ལས་ཀྱི་ཁ་གསབ་སྐོར་ཤོད་སྐབས་ཞིང་ས་མུའུ་གཅིག་ནས་ཡོང་འབབ་ག་ཚོད་རག་པ་རྩིས་ཞིབ་ཚགས་བརྒྱབ་ནས་གཤམ་གྱི་ཡུལ་མི་ཚོར་གསལ་པོ་ཤེས་སུ་བཅུག་པས། སྒྲོག་འགྲེལ་མཇུག་འགྲིལ་རྗེས་ཐལ་མོའི་རྡེབ་སྒྲ་བར་མེད་དུ་གྲགས། ཐེངས་དེའི་འགྲན་བསྡུར་ཁྲོད་ཡེ་ཤེས་རྒྱལ་མཚན་ལ་རྫོང་ཡོངས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།

    “འགྲན་བསྡུར་རིང་རང་ཉིད་ཀྱི་མྱོང་ཚོར་ཙམ་གླེང་བ་ཡིན། བསམ་ཡུལ་ལས་འདས་པ་ཞིག་ལ་བྱ་དགའ་རག་སོང་། རྗེས་སུ་མུ་མཐུད་འགྲན་བསྡུར་ལ་ཞུགས་པའི་གདེང་ཚོད་ཀྱང་བརྟན་དུ་ཕྱིན་སོང”ཞེས་ཡེ་ཤེས་རྒྱལ་མཚན་གྱིས་བཤད།

    བསམ་ཡུལ་ལས་འདས་པ་ཞིག་ལ། ད་ལོ་སླར་ཡང་མིང་ཐོ་འགོད་སྐབས་ཁོང་གིས་རང་ཉིད་བྱང་ཆ་དོད་པའི་སྒྲོག་འགྲེལ་ནང་མ་ཞུགས་པར། ཁྱབ་ཁོངས་རྦད་དེ་མི་འདྲ་བའི་དེང་རབས་གློག་ལས་རྩལ་ནུས་འགྲན་བསྡུར་ལ་ཞུགས།

    1989ལོ་ནས་བཟུང་ཡེ་ཤེས་རྒྱལ་མཚན་དང་གློག་ལས་དབར་འབྲེལ་བ་བྱུང་ཞིང་། སྐབས་དེར་ཁོང་གིས་ལག་རྩལ་ཞིག་སྦྱོང་བསམས་ནས་ཀོང་ཤིས་ཕིང་གོ་གྲོང་ཁྱེར་དུ་བསྐྱོད་དེ་དེ་གའི་ཁྱིམ་སྤྱོད་གློག་ཆས་ཉམས་བཟོ་ཁང་ཞིག་ཏུ་ལོ་གཅིག་ལ་སློབ་སྦྱོང་བྱས།

    2016ལོའི་ཟླ་དགུ་པར། ཁོང་སླར་ཡང་ཆབ་མདོ་གྲོང་ཁྱེར་ལས་རིགས་རྩལ་ནུས་གསོ་སྦྱོང་ལྟེ་གནས་སུ་བསྐྱོད་དེ་ཆེད་མངགས་ཆུ་གློག་ལག་རྩལ་སྦྱངས་ཤིང་ཚད་ལོན་ལག་ཁྱེར་ཡང་རག

    1989ནས་2026ལོའི་བར་གྱི་ལོ་37རིང་རྒྱུན་མཐུད་སློབ་སྦྱོང་བྱས་མཐར། ད་ཆ་གཞི་ནས་ལག་རྩལ་ངོམ་པའི་གར་སྟེགས་ཤིག་རག་ནས་གཟེངས་བསྟོད་བྱ་དགའ་ཐོབ།

    འགྲན་རར་གཟེངས་བསྟོད་ལག་ཁྱེར་རག་པ་མ་ཟད། ཡེ་ཤེས་རྒྱལ་མཚན་གྱི་འཚོ་བའང་ཉིན་རེ་བཞིན་ལེགས་སུ་འགྲོ་བཞིན་ཡོད། ན་ནིང་ཁོང་གིས་ཚོམས་ཆེན་དང་། ཐབ་ཚང་། ཉལ་ཁང་སོགས་ཀྱི་བཀོད་པ་ལེགས་ཤིང་། རྒྱ་ཆེ་ལ་དཀར་ཆ་དོད་པོའི་སྡོད་ཁང་གསར་པ་ཞིག་བརྒྱབ།

    “ད་ཆ། ང་ཚོས་ཁ་གསབ་དང་དམངས་ཕན་སྲིད་ཇུས་སྣ་ཚོགས་ལོངས་སུ་སྤྱོད་ཐུབ་ལ། སྡོད་ཁང་གསར་པར་འཚོ་བ་སྐྱིད་པོ་སྐྱེལ་བཞིན་ཡོད། སྲིད་གཞུང་གིས་ང་ཚོར་རྩལ་ནུས་སྦྱོང་བ་དང་འཇོན་ཐང་བསྡུར་བའི་ལས་སྟེགས་བསྐྲུན་པས། བློ་ཡིད་ཧ་ཅང་ཚིམ་པོ་བྱུང་། ང་རང་འགྲན་བསྡུར་ལ་ཞུགས་པ་ལས་གཞོན་ནུ་དེ་བས་མང་པོར་འགྲན་བསྡུར་ལ་ཞུགས་རྒྱུའི་སྐུལ་ཁྲིད་ཐུབ་ནས་མཉམ་དུ་ཡར་རྒྱས་ཡོང་བའི་རེ་བ་ཡོད”ཅེས་ཡེ་ཤེས་རྒྱལ་མཚན་གྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།