དམངས་ཕན་ཞབས་འདེགས་སྒོ་རྩར་ཞུས།“བདེ་སྐྱིད་སྟོན་གྲངས”ཇེ་མཐོར་སོང་།
ད་ལོ་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་གིས་ནོར་ལུག་འཚོ་སྐྱོང་བྱེད་དགོས་པའི་དབང་གིས་གཟུགས་པོ་བརྟག་དཔྱད་བྱེད་ལོང་མེད་པའི་འབྲོག་པ་ཚོའི་དཀའ་ངལ་རྦད་དེ་བསལ་ཡོད་དེ། སྨན་དོན་རྐང་འཛིན་པ་20ལས་གྲུབ་པའི་སྐོར་སྐྱོད་གཟུགས་པོ་བརྟག་དཔྱད་རུ་ཁག་གིས་Bསྒྲ་རླབས་འཕྲུལ་ཆས་དང་བརྟག་བཤེར་སྒྲིག་ཆས་ཁྱེར་ནས་འབྲོག་ཁུལ་དུ་བསྐྱོད་དེ་གཟུགས་པོ་བརྟག་དཔྱད་བྱས་པ་མ་ཟད། གྲོང་ཚོར་གཅིག་སྡུད་ཐོག་གཟུགས་པོར་བརྟག་དཔྱད་བྱེད་པའི་དུས་ཡུན་ཉིན་40ནས་ཉིན་70བར་རིང་དུ་བཏང་ཞིང་། སྲིད་ཇུས་སྒྲོག་འགྲེལ་དང་གཅོང་ནད་སྐོར་ལ་སྐབས་བསྟུན་འདྲི་རྟོག་བྱས་ནས། “མང་ཚོགས་སྨན་ཁང་དུ་ཡོང་བ”དེ“ལས་བྱེད་པ་གཞི་རིམ་དུ་སྐྱོད་པར”བསྒྱུར་ཏེ། འབྲོག་ཁུལ་གྱི་བདེ་ཐང་ཞབས་ཞུའི་མཐའ་མའི་འགག་གནད་བསལ་བ་རེད།
གཟུགས་པོ་བརྟག་དཔྱད་ཀྱི་བྱེད་སྒོ་སྤེལ་ཚུན། སློབ་གྲྭ་7དང་སྲིད་འཛིན་གྲོང་ཚོ་16ལ་ཁྱབ་པ་དང་ལམ་ཐག་སྤྱི་ལེ་2500ཟིན་ནས། མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་99.92%ཟིན་ཡོད།
དེ་སྔ་གཟུགས་པོ་བརྟག་དཔྱད་ཀྱི་དུས་ཡུན་ཐུང་བ་དང་འབྲོག་ཁུལ་གྱི་ལམ་ཐག་རིང་བའི་རྐྱེན་གྱིས། མང་ཚོགས་ཁག་གཅིག་གི་འབྲོག་ལས་ཀྱི་ཐོན་སྐྱེད་ལ་འཐུས་ཤོར་འགྲོ་གི་ཡོད། དཀའ་གནད་དེ་སེལ་ཆེད། ད་ལོ་ཤན་རྩ་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་རྫོང་དང་ཤང་སྨན་ཁང་གི་མི་སྣར་སྤྱི་འདོམས་བྱས་ནས“གཏན་འཁེལ་གསུམ་དང་རེས་མོས་གཅིག”གི་ལམ་སྲོལ་གསར་གཏོད་དང་བཅས་ལག་ལེན་བསྟར་བ་སྟེ། མི་སྣ་གཏན་འཁེལ་དང་། སྒྲིག་ཆས་གཏན་འཁེལ། བརྒྱུད་རིམ་གཏན་འཁེལ་བཅས་བྱས་ནས་རེས་མོས་ཀྱིས་གྲོང་ཚོ་དང་གྲོང་ལྷན་ཁག་ཏུ་གཟུགས་པོ་བརྟག་དཔྱད་བྱེད་པར་འགྲོ་གི་ཡོད།
ཚོགས་སྤྱི་མི་འདྲ་བར་དམིགས་ནས། ཚོགས་པས“སྔོན་མངགས་རྣམ་པ”དང“ཡོངས་ཁྱབ་རྣམ་པ”ཟུང་དུ་འབྲེལ་བའི་ཞབས་འདེགས་ཞུ་སྟངས་བཏོན་ཏེ། གྲོང་ཚོ་ཁག་གི་གཟུགས་པོ་བརྟག་དཔྱད་བྱེད་པའི་དུས་ཚོད་སྔོན་ཚུད་ནས་རྫོང་དང་། ཤང་། གྲོང་ཚོ་རིམ་པའི་སྐད་འཕྲིན་ཚོགས་པ་སོགས་ཀྱི་ལས་སྟེགས་བརྒྱུད་བརྡ་ཐོ་ཐེངས་མང་གཏོང་གི་ཡོད་པས། མང་ཚོགས་ཚོས་རང་ཉིད་ཀྱི་སྔོན་མངགས་ལྟར་གཅིག་སྡུད་བྱ་ཡུལ་དུ་བསྐྱོད་ཆོག་ལ། འགྲོ་སྐྱོད་སྟབས་བདེ་མེད་པའི་རྒན་རྒོན་དང་། དབང་པོ་སྐྱོན་ཅན་ལ་ཚོགས་པས“ཡོངས་ཁྱབ་རྣམ་པ”ལྟར་སྒོ་རྩར་བསྐྱོད་དེ་གཟུགས་པོར་བརྟག་དཔྱད་བྱེད་ཀྱི་ཡོད་པ་རེད། དེ་བཞིན་ཕྱི་ཕྱོགས་སུ་གླ་པར་བསྐྱོད་ནས་གྲོང་ཚོའི་གཟུགས་པོ་བརྟག་དཔྱད་ནང་ཞུགས་ཐབས་བྲལ་བའི་མི་སྣར་དམིགས་ནས། ཤན་རྩ་རྫོང་མི་དམངས་སྨན་ཁང་གིས་རྒྱུན་དུ་ནས་རིན་མེད་གཟུགས་པོ་བརྟག་དཔྱད་ཀྱི་ཞབས་འདེགས་ཞུ་བཞིན་ཡོད་པ་རེད། སྟབས་བསྟུན་གྱི་བྱེད་ཐབས་འདིའི་རིགས་ལ་བརྟེན་པས་དམངས་ཕན་སྲིད་ཇུས་མི་ཚང་མས་ལོངས་སུ་སྤྱོད་ཐུབ་པ་དང་མི་གཅིག་ཀྱང་མི་ལུས་པའི་འགན་ལེན་ཐུབ་ཡོད།
ཚོད་རྩིས་བརྒྱབ་པར་གཞིགས་ན། འབྲོག་པ་ཚོས་ཁྱིམ་གྱི་སྒོ་རྩར་གཟུགས་པོ་བརྟག་དཔྱད་ཐུབ་པས། ཆ་སྙོམས་མི་རེར་བདལ་གླ་སྒོར་50གྲོན་ཆུང་ཐུབ་ལ་རིམ་རྩིས་བརྒྱབ་ན་འགྲོ་སོང་སྒོར་ཁྲི་22ལྷག་ཙམ་ཉུང་དུ་ཕྱིན་པ་དང་། སྐྱ་གྲིབ་སོགས་ནད་རིགས་སྔ་ཙམ་ནས་ཤེས་རྟོགས་ཐུབ་ཚད་དུས་མཚུངས་ལས་21%མཐོ་རུ་ཕྱིན་ཡོད། ཤན་རྩ་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་འགན་འཁུར་བས་ཕྱིས་འབྱུང“གཟུགས་པོ་བརྟག་དཔྱད་ཀྱི་ཚོགས་པ་གཤམ་དུ་སྐྱོད་པའི”ལས་དོན་སྤེལ་སྟངས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས། མང་ཚོགས་ལ་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་དེ་བས་མང་བ་བསྒྲུབ་རྒྱུར་སྐུལ་འདེད་བཏང་སྟེ། མི་སེམས་དྲོ་བར་བྱེད་པའི་ཞབས་ཞུར་བརྟེན་ནས་མང་ཚོགས་ཀྱི“བདེ་སྐྱིད་སྟོན་གྲངས”མཐོ་རུ་གཏོང་རྒྱུ་ཡིན་ཞེས་བཤད།
འབྲེལ་ཡོད་གསར་འགྱུར།