དབུ་ཤོག>ཞིང་འབྲོག་གསར་པ།
  • ཆབ་མདོ་གྲོང་ཁྱེར་གྱིས་ཆུ་མཁོ་འདོན་ལས་གྲྭ་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-07-10

    མ་དངུལ་སྒོར་ཁྲི་9990.64བཏང་བའི་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀརྨ་ཤང་གི་ཆུ་གཅིག་སྡུད་མཁོ་འདོན་ལས་གྲྭ་ཉེ་ཆར་དངོས་སུ་སྐྲུན་འགོ་ཚུགས་པ་དང་ལས་གྲྭ་བསྐྲུན་ཡུན་ཟླ་18ཡིན་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ལས་གྲྭ་དེ་ནི་ཞིང་འབྲོག་ཁུལ་གྱི་དམངས་འཚོ་འགན་ལེན་ལ་དམིགས་ཤིང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་རམ་འདེགས་བྱེད་པའི་གཙོ་གནད་ཆུ་བེད་དམངས་འཚོའི་རྣམ་གྲངས་ཤིག་ཡིན་པ་དང་། ལས་གྲྭ་འཛུགས་སྐྲུན་བྱེད་སྐབས་ས་གནས་དེ་གའི་མང་ཚོགས་ཀྱི་འཐུང་ཆུའི་དགོས་མཁོར་དམ་པོར་དམིགས་ནས་ཆུ་མཁོ་འདོན་གྱི་ཆུ་འགོ་དང་། ཆུ་འདྲེན་མདོང་ལམ། ཆུ་གཙང་བཟོའི་སྒྲིག་བཀོད། ཆུ་འདྲེན་མདོང་དྲ་སོགས་ལྟེ་བའི་ཆུ་མཁོ་འདོན་མ་ལག་གཙོ་གནད་ཐོག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཆུ་འགོ་སྲུང་སྐྱོང་སྒྲིག་བཀོད་དང་དེའི་ལེ་ལག་སྒྲིག་བཀོད་དུས་གཅིག་ཏུ་འཐུས་ཚང་བསྐྲུན་ནས་ཆུ་མཁོ་འདོན་གྱི་ཆུ་སྤུས་དང་ཆུ་མཁོ་འདོན་འགན་སྲུང་བྱེད་ནུས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་སོགས་བྱེད་ཀྱི་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཆུ་གཅིག་སྡུད་མཁོ་འདོན་ལས་གྲྭ་བསྐྲུན་ནས་སྤྱོད་འགོ་ཚུགས་རྗེས། ཁ་རུབ་ཆུས་ཀརྨ་ཤང་གི་མང་ཚོགས་ཀྱི་དུས་ཡུན་རིང་པོའི་འཐུང་ཆུའི་དཀའ་གནད་རྦད་དེ་ཐག་གཅོད་ཐུབ་ནས་ས་གནས་དེ་གའི་མང་ཚོགས་དང་དེ་བཞིན་ཡུལ་སྐོར་བའི་རྒྱུན་གཏན་འཚོ་བའི་འཐུང་ཆུའི་དགོས་མཁོ་གནད་སྨིན་སྐོང་ཐུབ་པ་དང་། ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ནུས་ལྡན་འགྲོ་བ་མ་ཟད། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་ཐུབ་རྒྱུ་རེད། དེ་དང་ཆབས་ཅིག་རྣམ་གྲངས་སྐྲུན་རིང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བླང་བྱ་དོན་འཁྱོལ་ནན་པོ་དང་། ས་ཆུ་སྲུང་འཛིན་དང་ཆུ་འགོ་སྲུང་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་པ། ཆུ་བེད་ལས་གྲྭ་འཛུགས་སྐྲུན་དང་སྐྱེ་ཁམས་སྲུང་སྐྱོང་ལ་མཉམ་དུ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཀརྨ་ཤང་གི་གྲོང་གསེབ་དར་རྒྱས་དང་། དམངས་འཚོ་ལེགས་གཏོང་། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ལ་ཆུ་བེད་ཀྱི་འདེགས་སྐྱོར་བརྟན་པོ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།