“སྦྲག་ཁང་ནས་ཁས་བླངས་པའི་བསྐུར་མ་ལག་ཏུ་འབྱོར་ངེས་རེད”
—— ནག་ཆུ་སོག་རྫོང་གི་ས་མཐོའི་སྦྲག་ལམ་གྱི་སྐོར་བཀོད་པ།
སྦྲག་འཁོར་ཐོན་ཟིན་ན་མདུན་དུ་སྐྱོད་རྒྱུ་ལས་མ་འདས། ནག་ཆུ་གྲོང་ཁྱེར་སོག་རྫོང་དུ་འདི་ནི་འགྱུར་མེད་དམ་བཅའ་ལྟ་བུ་རེད། ཁ་བ་ཆེན་པོ་བབས་ནས་དཀའ་མོ་ཤང་གི་ཉེའུ་ལའི་ལ་ཉག་འགག་པ་ཡིན་ནའང་འདྲ། ཡང་ན་ཆར་དུས་སུ་འདམ་རྡོའི་ཆུ་རུད་བྱུང་ནས་ཁྲི་རྡོ་ཤང་དུ་སྐྱོད་སའི་འགྲོ་ལམ་འགག་པ་ཡིན་ཡང་རུང་། གང་ལྟར་སྦྲག་ཐོག་བསྐུར་མ་རླངས་འཁོར་ནང་བླུགས་ཟིན་ན། ངེས་པར་དུ་མཐའ་མའི་བསྐུར་ཡུལ་དུ་སྐྱེལ་དགོས་ཀྱི་ཡོད།
“སྦྲག་ཐོག་བསྐུར་མ་ངེས་པར་དུ་ས་གནས་སུ་སྐྱེལ་དགོས་ལ་འགན་འཁྲི་ཡང་ངེས་པར་དུ་སྒྲུབ་དགོས”ཞེས་ཀྲུང་གོ་སྦྲག་སྲིད་སོག་རྫོང་ཡན་ལག་ཀུང་སིའི་འགན་འཁུར་བ་ཚེ་དབང་འཕྲིན་ལས་ཀྱིས་ཚིག་ཐག་ཆོད་པོས་བཤད།
སྦྲག་སྲིད་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཆོད་སེམས་མཚོན་པའི་བྲག་ཅ་དེ་གྲོང་ཚོར་སྐྱོད་སའི་སྦྲག་ལམ་ཚང་མར་གྲགས།
སོག་རྫོང་ནི་བོད་བྱང་ཐང་དང་བོད་ཤར་གྱི་རི་མཐོ་གྲོག་རོང་སྦྲེལ་མཚམས་སུ་གནས་པ་དང་། ས་བབ་མཐོ་བ། ལམ་གཟར་བ། གནམ་གཤིས་འགྱུར་ལྡོག་ཆེ་བ་མ་ཟད། ད་དུང་ཤང་དང་གྲོང་རྡལ་གྱི་གྲོང་ཚོར་སྐྱོད་སའི་འགྲོ་ལམ་མང་ཆེ་བ་རི་ལམ་ཤ་སྟག་རེད། གཞོགས་གཅིག་ནི་གཡང་གཟར་བྲག་རི་དང་། གཅིག་ཤོས་ནི་གྲོག་རོང་ཡིན་པའི་རི་ལམ་དེ་དག་ཏུ་དགུན་ཁ་གངས་གསོག་ཐེབས་ཆེ་བ་དང་དབྱར་ཁ་ཆར་ཞོད་ཆེ་སྟབས། ཐེངས་གཅིག་སྐྱོད་པར་བསམ་ཡུལ་ལས་འདས་པའི་དཀའ་ཉེན་སྣ་ཚོགས་འཕྲད་པ་ནི་སྨོས་ཅི་དགོས།
དེ་སྔོན་དམངས་གཉེར་གྱི་མྱུར་སྐྱེལ་བསྐུར་མ་རྫོང་གྲོང་དུ་མ་གཏོགས་འབྱོར་གྱི་མེད་པས། ཞིང་འབྲོག་པས་བསྐུར་མ་ལེན་པར་རྟག་ཏུ་ལམ་ཐག་རིང་པོ་སྐྱོད་དགོས་ཀྱི་ཡོད། 2025ལོའི་ཟླ་7པར་ནག་ཆུ་གྲོང་ཁྱེར་དུ“སྦྲག་མྱུར་མཉམ་ལས”དངོས་སུ་ལག་བསྟར་བྱས་ནས་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་ཟོག་འགྲུལ་དྲ་རྒྱའི་ཚགས་དམ་དུ་བཏང་ཞིང་། གྲོང་ཁྱེར་ཡོངས་ཀྱི་རྫོང་དང་ཆུས་11ཚང་མ་དང“སྦྲག་མྱུར་མཉམ་ལས”ཀྱི་གཉེར་སྐྱོང་གྲོས་མཐུན་བཞག་པ་དང་། ཤང་དང་གྲོང་རྡལ་གྱི་བར་སྒྱུར་ཞབས་ཞུའི་ས་ཚིགས་ཚང་མར་ཁྱབ་པར་བྱས་པ། གྲོང་ཚོ(སྡེ་ཁུལ)དང་། སློབ་གྲྭ དགོན་སྡེ་སོགས་ཀྱི་བསྐུར་མར་འཇོག་གནས་བསྐྲུན་ནས་སྤྱོད་འགོ་ཚུགས་པ། སྒྲིག་ཚུད་གྲོང་ཚོར་མྱུར་སྐྱེལ་ཁྱབ་ཚད་100%ཟིན་ཡོད།
སོག་རྫོང་གི་ཤང་དང་གྲོང་རྡལ་10ལ་ཆ་མཚོན་ན། རྫོང་ནས་ཤང་བར་ལ་ཁ་ལོ་བ་5དང་ཤང་དང་གྲོང་ཚོ་བར་ལ་སྦྲག་འཁོར་10བཀོད་སྒྲིག་བྱས་ཡོད། སྤྱིའི་ཆ་ནས་གཟའ་འཁོར་རེར་རྒྱུན་ཚིགས་རླངས་འཁོར་ཐེངས་གསུམ་གཏོང་བ་དང་དགོས་མཁོ་ཆེ་བའི་སྐབས་སུ་ཐེངས་ལྔ་བར་མང་དུ་གཏོང་མོད། འོན་ཀྱང་དོན་དངོས་ལ་ལམ་དེའི་ཐོག་དུས་ཚོད་གང་རུང་དུ་ཐོན་སྲིད་པའི་བསམ་ཡུལ་ལས་འདས་པའི་རྐྱེན་ངན་བར་ཆད་ཐོན་སྲིད། ད་ལོ་ཁོ་ནར་སོག་རྫོང་སྦྲག་སྲིད་ལམ་བར་དུ་རང་བྱུང་གནོད་འཚེ་ཐེངས་7བྱུང་བའི་ནང་གངས་སྐྱོན་ཐེངས་3དང་རི་རུད་ཐེངས་4བྱུང་ཡོད།
ས་བབ་སྨི་5129ཟིན་པའི་དཀར་མོ་ཤང་གི་ཉེའུ་ལའི་ལ་ཉག་ཏུ་ལོ་རེའི་ཟླ་11པ་ནས་ཕྱི་ལོའི་ཟླ་4པའི་བར་གངས་ཆེན་པོ་བབས་ནས་རི་ལམ་འགག་གི་ཡོད། གཞུང་ལམ་ཤར་གཏོང་མ་ཐུབ་གོང་དུ་དཀར་མོ་ཤང་ནི་དུས་ཚིགས་རང་བཞིན་གྱི་རླངས་འཁོར་བཀོད་སྒྲིག་ཁོ་ན་ལས་མེད་པའི་ཤང་ཞིག་རེད། གཞུང་ལམ་ཤར་གཏོང་ཐུབ་པའི་རྗེས་སུའང་དེ་གར་སྔར་བཞིན་རྐོ་འདྲུ་འཕྲུལ་འཁོར་དང་ས་བླུག་འཕྲུལ་འཁོར་རྒྱུན་དུ་བསྡད་དེ་གཞུང་ལམ་འགག་སྐབས་འགྲོ་ཆོག་ཆོག་བྱེད་དགོས་ཀྱི་ཡོད།
དགུན་ཁ་གངས་ཆེན་པོ་བབས་ནས་རི་ལམ་འགག་སྟེ་སྦྲག་འཁོར་ཤར་གཏོང་ཐུབ་ཐབས་བྲལ། འུ་ཐུག་ཐབས་ཟད་ཀྱི་གནས་ཚུལ་འོག་སོག་རྫོང་སྦྲག་སྲིད་ཀྱིས་ཤང་སྲིད་གཞུང་ལ་རོགས་སྐྱོར་གནང་རོགས་ཞུ་རྒྱུ་ལས་མ་འདས། ས་བླུག་འཕྲུལ་འཁོར་གྱིས་མདུན་གྱི་གངས་འཕྱགས་པ་དང་སྦྲག་པས་དེའི་རྗེས་སུ་རྐང་ཐང་མར་བསྐྱོད་དེ། སྦྲག་ཐོག་བསྐུར་མ་དག་ལམ་དུམ་རེ་རེའི་མདུན་དུ་སྐྱེལ་གྱི་ཡོད། “དུས་ཕྱོད་ནི་ཚེ་སྲོག་ལྟ་བུ་དང་བསྐུར་མ་སྐྱེལ་རྒྱུ་ནི་ང་ཚོའི་ལས་འགན་ཡིན”ཞེས་དང“དེ་རིང་གི་སྦྲག་ཐོག་བསྐུར་མ་གཅིག་གཉིས་མང་ཉུང་གང་ཡིན་ནའང་འདྲ་ངེས་པར་དུ་དེ་རིང་སྐྱེལ་དགོས། དཀའ་སྡུག་ཆེན་པོ་གང་འདྲ་འཕྲད་ནའང་འདྲ་གང་ལྟར་དུས་ཐོག་ཏུ་སྐྱེལ་དགོས”ཞེས་ཚེ་དབང་འཕྲིན་ལས་ཀྱིས་བཤད།
ཁྲི་རྡོ་ཤང་གི་ལམ་དེར་ཧ་ཅང་སྐྱོད་དཀའ་ཞིང་། རི་ལམ་དུ་སྐྱོད་སྐབས་ལག་ཐོགས་ཁ་པར་གྱི་བརྡ་རྟགས་མེད་པ་མ་ཟད། ད་དུང་དབྱར་ཁར་རི་ཡང་ཡང་ཉིལ་གྱི་ཡོད། རི་རུད་བྱུང་སྐབས་སྦྲག་པས་སྦྲག་ཐོག་བསྐུར་མ་རླངས་འཁོར་ནས་ཕབ་སྟེ་སྒལ་པར་ཁུར་ནས་རྐང་ཐང་མར་རླངས་འཁོར་ཤར་གཏོང་ཐུབ་སའི་བར་སྐྱོད་དགོས་པ་དང་། དེ་ནས་རླངས་འཁོར་གཞན་ཞིག་ནང་བླུགས་ནས་མུ་མཐུད་སྐྱེལ་བར་འགྲོ་དགོས་ཀྱི་ཡོད། ཉེ་དུས་ཐེངས་གཅིག་རི་རུད་བྱུང་ནས་སྦྲག་པས་བསྐུར་མ་སྒར་པར་ཁུར་ཏེ་རི་ཉིལ་ལམ་དུམ་བརྒྱུད་ཕར་ཕྱོགས་ལ་བསྐྱལ་བ་དང་དེ་ནས་ཁ་སྤྲོད་ཀྱི་རླངས་འཁོར་ནང་བླུགས་ནས་ཉིན་དེ་རང་དུ་སྐྱེལ་ཐུབ་པ་བྱས་ཡོད།
སོག་རྫོང་དུ་སྦྲག་པས་བསྐུར་མ་སྒལ་པར་ཁུར་ནས་གཅིག་ལ་གཅིག་སྤྲོད་ཀྱིས་སྐྱེལ་དགོས་ཀྱི་ཡོད། གནོད་འཚེ་ཚབས་ཆེན་གང་འདྲ་ཞིག་འཕྲད་རུང་དཔའ་མི་ཞུམ་པར་མདུན་དུ་བསྐྱོད་དེ། ཉིན་དེ་གའི་སྦྲག་ཐོག་བསྐུར་མ་དག་ཉིན་གཉིས་པ་དང་ཁག་ཐེངས་དེའི་སྦྲག་ཐོག་བསྐུར་མ་དག་ཁག་ཐེངས་རྗེས་མར་གཏན་ནས་འཇོག་གི་མེད།
སྦྲག་པ་དང་ལམ་རྒྱུད་མང་ཚོགས་དབར་གྱི་འབྲེལ་བ་དེ་སྔ་ས་ནས་ལས་སྒོའི་འགྲོ་འོང་ཙམ་གྱིས་ཚད་ཀྱི་མེད་ཅིང་། ཐག་རིང་ལུང་ཁུག་ཏུ་ཡོད་པའི་གྲོང་ཚོའི་རྒན་རྒོན་ཚོར་སྨན་འཁྱེར་རོགས་བྱེད་པ་དང་འབྲོག་པ་ཚོར་འཚོ་བའི་མཁོ་ཆས་འཁྱེར་རོགས་བྱེད་ཀྱི་ཡོད། སྐབས་འགར་དངོས་ཟོག་སྐྱེལ་འགོར་ཙམ་བྱུང་ནས་ཕྱི་པོ་ཆགས་དུས་མང་ཚོགས་ཀྱི་ཁྱིམ་དུ་ཞག་སྡོད་བྱེད་ཀྱི་ཡོད། བོད་བྱང་ཐང་དུ་སྦྲག་པ་ནི་གྲོང་ཚོ་དང་ཕྱི་རོལ་དབར་གྱི་འབྲེལ་བ་གཏན་ཤོས་ཤིག་རེད།
“སྦྲག་ཁང་ནས་ཁས་བླངས་པའི་བསྐུར་མ་ལག་ཏུ་འབྱོར་ངེས་རེད”ཅེས་པ་འདི་ནི་ས་མཐོའི་སྦྲག་པའི་ལས་རིགས་ཀྱི་དམ་བཅའ་ཞིག་དང་། སྦྲག་པས་རི་ཀླུང་མང་པོ་བརྒལ་ནས་ཞིང་འབྲོག་པའི་ལག་ཏུ་བསྐུར་མ་བསྐྱལ་བའི་འགན་འཁྲི་ཞིག་ཀྱང་རེད།
འབྲེལ་ཡོད་གསར་འགྱུར།