ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་5སོང་རིང་འགྲུལ་བཞུད་ལ་སྟབས་བདེ་བྱུང་བ་དང་། ཁྱད་ལྡན་ཐོན་རྫས་ཀྱི་ཚོང་ལམ་ཕྱེ་བ། ཡུལ་སྐོར་འཁྲུག་ཆ་དོད་པོ་ཆགས་པ།
དམངས་ཕྱུག་བོད་དར་གྱི“མཁའ་ལམ་གསར་པ”
2021ལོའི་ཟླ་6ཚེས་25ཉིན། བོད་ཀྱི་གློག་ཤུགས་ཅན་གྱི་ལྕགས་ལམ་དང་པོ་སྟེ་ལྷ་ཉིང་ལྕགས་ལམ་དངོས་སུ་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་ཤིང་། ལམ་ཐག་སྤྱི་ལེ་400ལྷག་ཙམ་ཡོད་པའི་ལྕགས་ལམ་དེས་ལྷ་ས་དང་། ལྷོ་ཁ། ཉིང་ཁྲི་བཅས་ས་ཁུལ་གསུམ་དམ་པོར་སྦྲེལ་ནས་བོད་ཤར་ལྷོའི་ས་ཁུལ་དུ་མེ་འཁོར་ཤར་གཏོང་མ་ཐུབ་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད།
རང་བྱུང་འོབས་ཆེན་བདེ་བགྲོད་ལམ་བུར་གྱུར། ད་ལོའི་ཟླ་6པའི་བར་བརྟན་པོའི་ངང་གཉེར་སྐྱོང་ལོ་5བྱས་པའི་ལྷ་ཉིང་ལྕགས་ལམ་གྱིས་ཁྱོན་འགྲུལ་པ་ཁྲི་625དང་དངོས་ཟོག་ཏུན་ཁྲི་200ལྷག་ཙམ་སྐྱེལ་འདྲེན་བྱས་ཤིང་། གངས་ལྗོངས་ས་མཐོའི“ངོ་མཚར་ཆེ་བའི་མཁའ་ལམ”འདིས་ཞིང་འབྲོག་དང་ཡུལ་སྐོར་སོགས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་ལམ་རྒྱུད་མང་ཚོགས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་རམ་འདེགས་བྱས་ཡོད།
འགྲུལ་བཞུད། “མཁའ་ལམ”མྱུར་པོས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཕན་པ་ཐོབ་པ།
ལྕགས་ལམ་ཤར་གཏོང་མ་ཐུབ་གོང་ཉིང་ཁྲིའི་ཡུལ་མིའི་འགྲུལ་བཞུད་བྱེད་སྟངས་བལྟོས་བཅས་ཀྱིས་རྐྱང་པ་ཡིན་པ་སྟེ་འགྲུལ་སྐྱེལ་རླངས་འཁོར་ལ་སྡོད་པའམ་ཡང་ན་སྒེར་འཁོར་བཏང་ནས་ཕྱིར་སྐྱོད་བྱེད་དགོས་ཀྱི་ཡོད། “ལྷ་ཉིང་ལྕགས་ལམ་གྱི་ཉིང་ཁྲི་ནས་ལྷ་ས་བར་གྱི་རིམ་པ་གཉིས་པའི་མེ་འཁོར་སྤ་སེའི་རིན་གོང་སྒོར་129ཡིན་པ་དང་རྐུབ་བཀྱག་དཀྱུས་མའི་སྤ་སེའི་རིན་གོང་སྒོར་64.5ཡིན་པས་གོང་ཁེ་པོ་ཡོད། གཞུང་ལམ་དང་བསྡུར་ན་ལྷ་ཉིང་ལྕགས་ལམ་གྱིས་ཉིང་ཁྲི་ནས་ལྷ་ས་བར་གྱི་འགྲུལ་བཞུད་དུས་ཚོད་དེ་སྔའི་ཆུ་ཚོད་བདུན་བརྒྱད་ནས་ཆུ་ཚོད་གསུམ་ལྷག་ཙམ་བར་ཐུང་དུ་སོང་བ་དང་ལྷོ་ཁ་ནས་ལྷ་ས་བར་གྱི་འགྲུལ་བཞུད་དུས་ཚོད་ཆུ་ཚོད་གཅིག་ཙམ་བར་ཐུང་དུ་སོང་ཡོད། ད་ཆ་ལྕགས་ལམ་བརྒྱུད་འགྲུལ་བཞུད་བྱེད་པ་ནི་ས་གནས་དེ་གའི་ཡུལ་མིའི་འགྲུལ་བཞུད་བྱེད་སྟངས་གཙོ་བོར་གྱུར་བ་དང་ལྷ་ས་དང་ཉིང་ཁྲི་ས་གནས་གཉིས་དབར་ཕར་འགྲོ་ཚུར་འོང་བྱེད་པ་དེ་རྒྱུན་རྣམ་དུ་གྱུར་ཡོད”ཅེས་ལྷོ་ཁ་མེ་འཁོར་འབབ་ཚུགས་ཀྱི་ཀྲན་ཀྲང་ཧན་ཁྲུན་ཝང་གིས་བཤད།
འདས་མ་ཐག་པའི་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་ངལ་གསོའི་རིང་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གི་འབྲོག་པ་ཉི་མས་ཕ་མ་ཁྲིད་དེ་མེ་འཁོར་ལ་བསྡད་ནས་ཀོང་ཏུང་དུ་ཡུལ་སྐོར་བྱེད་པར་བསྐྱོད།
“པཱ་ལགས་དང་ཨ་མ་ལགས་ཉིང་ཁྲི་ནས་ཁ་བྲལ་མྱོང་མེད། ཁོང་ཚོ་མེ་འཁོར་ལ་བསྡད་དེ་གྲུ་ཤན་འབྲུག་མགོ་མ་འགྲན་པར་ལྟ་བ་དང་ཀོང་ཏུང་གི་ཚལ་ཟ་བར་འགྲོ་ཐེངས་དང་པོ་རེད”ཅེས་ཉི་མས་འཛུམ་བཞིན་དུ་བཤད།
ད་ཆ་ལྷ་ཉིང་ལྕགས་ལམ་ཁྱབ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་20ལྷག་ཙམ་ཟིན་པ་དང་མི་འབོར་ཁྲི་130ལྷག་ཙམ་ལ་ཐད་ཀར་ཕན་པ་ཐོབ་ཡོད།
ཟོག་གཏོང་། ས་མཐོའི་དངོས་ཟོག་སྤུས་དག་ཕྱོགས་བཞི་མཚམས་བརྒྱད་ལ་དབོར་བ།
ལྷ་ས་གྲོང་ཁྱེར་གྱི་ནུབ་ངོས་སུ་ཡོད་པའི་ལྕགས་ལམ་དོས་རར་ལས་བྲེལ་གྱི་རྣམ་པས་ཁེངས་ཤིང་། ལྷོ་ཁ་ནས་ཐོན་པའི་རང་བྱུང་གཏེར་ཆུ་སྒམ་རེ་རེ་བཞིན་མེ་འཁོར་གྱི་འཁོར་སྒྲོམ་ནང་བླུགས་ནས་དབོར་གྲབས་ཡོད།
དེ་སྔ་འགྲིམ་འགྲུལ་གྱི་ཆ་རྐྱེན་ཞན་པས་གཏེར་ཆུ་ལྟ་བུའི་ཚོང་ཟོག་གཞི་ཁྱོན་ཅན་གྱི་སྒོ་ནས་ཕྱི་ཕྱོགས་སུ་དབོར་ཁག་པོ་ཡོད། ཉེ་བའི་ལོ་ཤས་རིང་། ལྷ་ཉིང་ལྕགས་ལམ་སོགས་ཀྱི་ལམ་ཐིག་ཤར་གཏོང་ཐུབ་པ་དང་སྦྲགས། མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་སྤུས་སྤོར་རིམ་སྤོར་བྱུང་ནས་བོད་དང་ས་གནས་ཁག་དབར་གྱི་འབྲེལ་བ་དེ་བས་ཟབ་ཏུ་ཕྱིན་པ་མ་ཟད། ད་དུང་ས་གནས་དེ་གའི་གཏེར་ཆུ་ཕྱིར་དབོར་བར་སྟབས་བདེའི་འགྲིམ་འགྲུལ་གྱི་ཆ་རྐྱེན་ཡང་མཁོ་འདོན་བྱས་ཡོད།
ཀྲུང་གོ་ལྕགས་ལམ་མྱུར་འདྲེན་མཚོ་བོད་ཡན་ལག་ཀུང་སིས་ལྷོ་ཁ་ས་ཚིགས་དང་ཉིང་ཁྲི་ས་ཚིགས་སུ་འཕྲལ་མར་གཉེར་སྐྱོང་ལས་ཚིགས་བཙུགས་ཤིང་། ལོ་ལྔའི་རིང་། གཏེར་ཆུའི་ཆེད་དོན་དབོར་འདྲེན་ཟོག་འགྲུལ་མ་ལག་ཚགས་ཚུད་པོར་བརྟེན་ནས་རིམ་རྩིས་བརྒྱབ་ན་ཕྱི་ཕྱོགས་སུ་གཏེར་ཆུ་ཏུན་ཁྲི་63.6ལྷག་ཙམ་དབོར་བ་དེ“བོད་ཀྱི་ཆུ་བཟང”སྒམ་ཁྲི་4000ལྷག་ཙམ་ལྕགས་ལམ་བརྒྱུད་དུད་ཚང་ཁྲི་སྟོང་མང་པོར་དབོར་བ་དང་མཚུངས་ཀྱི་ཡོད།
ལྷ་ཉིང་ལྕགས་ལམ་གྱིས“བོད་ཀྱི་ཐོན་རྫས་ཕྱིར་གཏོང”གི་མྱུར་བགྲོད་ལམ་བུ་ཤར་གཏོང་ཐུབ་ཡོད། སྔོན་ཆད་དབོར་འདྲེན་གྱི་མ་གནས་མཐོ་བ་དང་སོས་ཉར་དཀའ་བའི་བོད་ཕག་དང་། ཚགས་ཤ བེ་ཤ་སོགས་ཀྱི་ཁྱད་ལྡན་ཐོན་རྫས་དག་ནུས་ཆེའི་ཟོག་འགྲུལ་འཁོར་འབྲེལ་ལམ་བུ་བརྒྱུད་གངས་ལྗོངས་ས་མཐོ་ནས་ནང་སའི་ས་ཆ་ཁག་ཏུ་མཁོ་འདོན་བྱས་པས། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྒུལ་ཤུགས་ཟམ་མི་ཆད་པ་བསྣན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ཉིང་ལྕགས་ལམ་གྱིས་2026ལོར་ཉིན་རེར་ཆ་སྙོམས་དངོས་ཟོག་དབོར་འདྲེན་བྱེད་ཚད་2021ལོ་ལས་ལྡབ་35.7འཕར་ཡོད།
ཡུལ་སྐོར། ལམ་བུ་ཤར་གཏོང་ཡུལ་ལྗོངས་འཁྲུག་ལ་མི་ཚོགས་ཆེ།
ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོའི་རི་སྟེང་གི་ཁམ་སྡོང་ལ་དེ་སྔ་མི་རྣམས་ཀྱིས་སྣང་བ་གཏོང་གི་མེད། ད་ཆ་དེ་གའི་ཡུལ་ལྗོངས་མཛེས་ཤོས་སུ་གྱུར་ནས་ལོ་ལྟར་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད། ཉེ་བའི་ལོ་ཤས་ནང་ཁམ་བུའི་མེ་ཏོག་གི་དུས་ཆེན་གཏོང་རིང་ས་གནས་དེ་གའི་སྲིད་གཞུང་གིས་ད་དུང་རིན་མེད་ངང་ཤར་བགྲོད་སྤྱི་སྤྱོད་རླངས་འཁོར་བཀོད་སྒྲིག་བྱས་པ་དང་། ཀ་ལ་གྲོང་ཚོ་དང་མེ་འཁོར་འབབ་ཚུགས་སོགས་འབབ་ཚུགས་མང་དུ་བཏང་བ་མ་ཟད། ད་དུང་གྲོང་ཁུལ་གྱི་མཛེས་ལྗོངས་ཁུལ་གཞན་དང་སྦྲེལ་མཐུད་བྱས་ཏེ་སྤྱི་པའི་འགྲིམ་འགྲུལ་ལ་བརྟེན་ནས་ཡུལ་མི་དང་ཡུལ་སྐོར་བ་ཕྱིར་སྐྱོད་རྒྱུར་འགན་ལེན་བྱས་པ་དང་རླངས་འཁོར་ལ་སྡོད་པར་སྟབས་བདེ་ཡང་བསྐྲུན་ཡོད།
ད་ལོ་ཚུན། ཀ་ལ་གྲོང་ཚོས་ཡུལ་སྐོར་བ་མི་ཐེངས་ཁྲི་10ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་300ལྷག་ཙམ་བྱུང་ཞིང་། དེ་སྔའི་རི་གྲོང་ཆུང་ཆུང་དེ་གངས་ལྗོངས་ས་མཐོའི་བཀྲག་མདངས་འཚེར་བའི“བདེ་སྐྱིད་གྲོང་ཚོར”གྱུར་ཡོད།
ཉིང་ཁྲི་མེ་འཁོར་འབབ་ཚུགས་དང་ཐག་མི་རིང་བའི་སར་ཡོད་པའི་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་ནི་ཡུལ་སྐོར་བ་མི་ཉུང་བ་ཞིག་རླངས་འཁོར་ལ་བསྡད་ནས་འབྱོར་བའི་འབབ་ཚུགས་དང་པོ་དེ་རེད། སྔོན་ཆད་དེ་གར་འགྲིམ་འགྲུལ་སྟབས་བདེ་མེད་པས་ཡུལ་སྐོར་ལ་ཡོང་མཁན་ཉུང་ཉུང་རེད། ལྷ་ཉིང་ལྕགས་ལམ་དང་དེ་བཞིན་ལེ་ལག་ཚང་བའི་འགྲིམ་འགྲུལ་ཤར་གཏོང་ཐུབ་པས་ལྕགས་ལམ་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
བསྡོམས་རྩིས་བརྒྱབ་པར་གཞིགས་ན། ལྷ་ཉིང་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་ཟླ་རེར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་དེ་མེ་འཁོར་ཤར་གཏོང་ཐུབ་མ་ཐག་པའི་སྐབས་ཀྱི་མི་ཐེངས་ཁྲི་5.9ནས་མི་ཐེངས་ཁྲི་15.38བར་མང་དུ་ཕྱིན་ཞིང་། ལོ་ལྔའི་རིང་རིམ་རྩིས་བརྒྱབ་ན་འགྲུལ་སྐྱེལ་མེ་འཁོར་8000ལྷག་ཙམ་བཏང་བ་དང་བོད་དུ་ཡུལ་སྐོར་ཆེད་གཏོང་མེ་འཁོར་100ལྷག་ཙམ་སྒྲིག་འཛུགས་བྱས་ནས་བཏང་ཡོད།
(《མི་དམངས་ཉིན་རེའི་ཚགས་པར》2026ལོའི་ཟླ་6ཚེས་27ཉིན་གྱི་པར་ངོས་5པའི་ཐོག་ནས་བརྒྱུད་འགོད་བྱས)
འབྲེལ་ཡོད་གསར་འགྱུར།