དབུ་ཤོག>ཞིང་འབྲོག་གསར་པ།
  • གཞི་ཁྱོན་གྱི་ཕན་འབྲས་དང་སྤུས་རྟགས་ཀྱི་ལེགས་ཆ་ཧུར་ཐག་ལྡན་པར་བྱས་པ།

    བོད་ཀྱིས་ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-06-22

    དཔལ་འབྱོར་ཉིན་རེའི་ཚགས་པར་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ས་མཐོའི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་གི་ལེགས་ཆ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པར་རྒྱུན་མཐུད་བསྒྱུར་ཏེ། སྐྱེ་ལྡན་ཞིང་འབྲོག་ལས་དང་། ལྗང་མདོག་བཟོ་ལས། ནུས་རྒྱུ་གཙང་མ། སྐྱེ་ཁམས་ཡུལ་སྐོར་སོགས་ལེགས་ཆའི་ཐོན་ལས་གཙོ་བོར་བྱས་པའི་ལྗང་མདོག་ཐོན་ལས་མ་ལག་ཅིག་བསྐྲུན་ནས་གཞི་ཁྱོན་གྱི་ཕན་འབྲས་དང་སྤུས་རྟགས་ཀྱི་ལེགས་ཆ་ཧུར་ཐག་ལྡན་པར་བྱས་ཡོད།

    ལྷོ་ཁ་གྲོང་ཁྱེར་ཡར་ཀླུང་གཙང་པོའི་བྱང་ངོགས་ཀྱི་བྱེ་ཐང་དུ་དེང་རབས་ཅན་གྱི་རིག་ནུས་དྲོད་ཁང་མང་པོ་བསྐྲུན་ཡོད། དེ་སྔའི་མྱ་ངམ་ཐང་དུ་ད་ཆ་དེང་རབས་ཀྱི་སྒྲིག་བཀོད་ཞིང་ལས་འཕེལ་རྒྱས་ཀྱི་གཅིག་སྡུད་ཁུལ་ཞིག་ཆགས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་མཉམ་དུ་འཕེལ་རྒྱས་ཡོང་བའི་བརྩོན་ལེན་བྱེད་བཞིན་ཡོད། དེ་དང་ཆབས་ཅིག བོད་ཀྱིས་ཁྱད་ལྡན་ཐོན་ལས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ཏེ་ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས“ཡུལ་ཟོག”ནས“ཕྱིར་གཏོང་སྤུས་ལེགས་ཐོན་རྫས”སུ་ཕྱོགས་སྒྱུར་རིམ་སྤོར་བྱེད་པར་སྐུལ་འདེད་བཏང་ཡོད། ལྷ་ས་འགག་སྒོ་ལས་ཁུངས་ཀྱི་གྲངས་གཞི་ལས་མངོན་པར། ད་ལོའི་ཟླ་དང་པོ་ནས་བཞི་པའི་བར་བོད་ཀྱི་ཁྱད་ལྡན་ཐོན་རྫས་ཕྱིར་གཏོང་བྱེད་ཚད་བསྡོམས་དངུལ་སྒོར་ཁྲི་2548.82ཟིན་པ་དེ་དུས་མཚུངས་ལས་30.9%འཕར་བ་རེད།

    ལྷ་ས་སྐྱིད་ཆུའི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ན་ནིང་ལྷ་སས་གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་ཀྱི་དབྱིངས་ཞུགས་རྣམ་པའི་མཚན་མོའི་ཡུལ་སྐོར་རྣམ་གྲངས“བརྩེ་སེམས་ཀྱིས་ཕྱུག་པའི་ལྷ་ས་སྐྱིད་ཆུ”བཏོད་དེ་ས་གནས་དེ་གའི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་མིང་བྱང་གསར་པར་གྱུར་ཡོད། ད་ལོའི་ཟླ་5པར་རྣམ་གྲངས་དེ་སླར་ཡང་སྤེལ་འགོ་ཚུགས་པ་དང་། ཚོང་འདུས་ཀྱི་འཛད་སྤྱོད་དང་། དམངས་སྲོལ་འཁྲབ་སྟོན། གྲངས་རིག་ཞིབ་སློབ་སོགས་ལས་རྣམ་སྣ་མང་གཅིག་ཏུ་འདུས་ཏེ་གྲོང་མི་དང་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད། ལྷ་ས་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཀྱི་ཏང་ཙུའི་ཁོངས་མི་དང་ཅུས་ཀྲང་གཞོན་པ་ཆུང་སྐྱིད་ཀྱིས་གསར་འགོད་པར། ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས“ལྟ་སྐོར་གཅིག་པུ”ནས“དབྱིངས་ཞུགས་མྱོང་རོལ”བར་ཕྱོགས་སྒྱུར་མགྱོགས་མྱུར་བྱེད་བཞིན་ཡོད་ཅེས་བཤད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་དུས་འཁོར་ཧྲིལ་པོ་དང་། དུས་ཚིགས་ཧྲིལ་པོ། ས་ཁོངས་ཧྲིལ་པོ་བཅས་ཀྱི་སྐུལ་ཁྲིད་ནུས་པ་སྔར་བས་ཆེ་རུ་ཕྱིན་པ་དང་། “རིག་གནས་ཡུལ་སྐོར+”དང“+རིག་གནས་ཡུལ་སྐོར”མཉམ་འདྲེས་རྒྱུན་མཐུད་ངང་ཟབ་ཏུ་ཕྱིན་པ། ལས་རྣམ་དང་ཐོན་རྫས་མ་ལག་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་པ། ཡུལ་སྐོར་སྒྲིག་བཀོད་དང་ཞབས་ཞུའི་ལེ་ལག་རྒྱུན་མཐུད་ངང་འཐུས་སྒོ་ཚང་དུ་ཕྱིན་ཡོད། 2025ལོར་ལྗོངས་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་7000ལྷག་ཙམ་ཟིན་ནས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་800ལྷག་ཙམ་དང་རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་150ལས་བརྒལ་ཡོད།

    ཉེ་བའི་ལོ་ཤས་རིང་། བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་སྟོང་ཕྲག་གཉིས་ཀྱི་སྐས་རིམ་ལས་བསྟུད་མར་བརྒལ་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་གོམ་སྟབས་བརྟན་པོ་སྤོས་ཡོད། གྲངས་གཞི་ལས་མངོན་པར། ད་ལོའི་དུས་ཚིགས་དང་པོར་བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག གཞི་ཁྱོན་ཡན་གྱི་བཟོ་ལས་རིན་ཐང་འཕར་མ་སོགས་སྟོན་རྟགས་8ཀྱི་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེའི་རྒྱང་ལམ་གསར་པའི་ཐོག་བོད་ཀྱིས་གོམ་སྟབས་བརྟན་པོ་སྤོ་བཞིན་ཡོད་པས་བོད་ཀྱི་འབྱུང་འགྱུར་ལ་འོད་སྟོང་དཔག་མེད་འཕྲོ་ངེས་རེད་ཅེས་གསུངས་པ་རེད།

    (《དཔལ་འབྱོར་ཉིན་རེའི་ཚགས་པར》ནས་བརྒྱུད་འགོད་བྱས་པ)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།