དབུ་ཤོག>ཞིང་འབྲོག་གསར་པ།
  • སྐྱེ་ཁམས་ལ་བརྟེན་ཡུལ་སྐོར་དར་བར་བྱེད། ཐོན་ལས་ལ་བརྟེན་དམངས་ཕྱུག་རྣམ་པ་བཟང་།

    —— ལྷོ་ཁ་གྲོང་ཁྱེར་གྱི“མཚན་མོའི་བུང་བའི་སྒྲ་དབྱངས”ཉམས་ལེན་ཁང་གིས་གྲོང་གསེབ་དར་རྒྱས་ལ་མཐུན་རྐྱེན་སྦྱར་བའི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-06-17

    འདི་ནི་ལྷོ་ཁ་གྲོང་ཁྱེར་གྱི“མཚན་མོའི་བུང་བའི་སྒྲ་དབྱངས”ཀྱི་སྦྲང་ནོར་བུའི་རིག་གནས་སྐྱེ་ཁམས་མྱོང་རོལ་ཁང་གི་ཟུར་ཞིག་ཡིན་པ།

    ས་སྲོས་ཀྱི་ཉི་འོད་ཡར་ལྷ་ཤམ་པོར་འཕྲོ་སྐབས་གསེར་བཞུན་བྱུགས་པ་ལྟར་མཚར་སྡུག་ཡིད་དུ་འོང་། རི་ཁུག་གི་སྐྱེ་ཁམས་གླིང་ནང་སྦྲང་ནོར་བུ་སྦྲང་ཚང་དུ་ལོག་པའི་སྒྲ་འུར་འུར་དུ་གྲགས།

    ལོ་བཅུའི་གོང་། ཀྲང་ལེང་ཧྥུའུ་ཡིས་ས་མཐོའི་ལུང་ཁུག་དེར་གཞིས་ཆགས་ནས་སྦྲ་གུར་ཁྱིམ་དུ་བྱེད་པ་དང་སྦྲང་ནོར་བུ་གསོས་ནས་ས་མཐོའི་ཐུན་མོང་མ་ཡིན་པའི་སྦྲང་ནོར་བུའི་སྒྲ་ཉན་བཞིན་ས་མཐོའི་སྦྲང་ནོར་བུའི་སྐྱེ་འཚར་དང་རི་ཀླུང་གི་མཛེས་ལྗོངས་ཤེས་རྟོགས་གཏིང་ཟབ་བྱས། ཁོང་གིས་ལྷོ་ཁའི་རི་ཁུག་གི་སྐད་སྒྲ་དེར“མཚན་མོའི་བུང་བའི་སྒྲ་དབྱངས”ཞེས་པའི་མིང་བཏགས་ཡོད། དེ་སྔའི་སྦྲ་གུར་སྦྲང་ཚང་སྟབས་བདེ་དེ་ད་ཆ་རྒྱལ་ཁབ་ཀྱི་A3རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཏེ། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི“མཚན་མོའི་བུང་བའི་སྒྲ་དབྱངས”ཞེས་པའི་སྦྲང་ནོར་བུའི་རིག་གནས་སྐྱེ་ཁམས་ཉམས་ལེན་ཁང་དུ་གྱུར་ཡོད།

    སྦྲང་ནོར་བུའི་མེ་ཏོག་ལྡུམ་རའི་འཕོ་འགྱུར།

    དབྱིངས་ཞུགས་རྣམ་པའི་མྱོང་རོལ་གྱིས་འཛད་སྤྱོད་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ།

    ཉམས་ལེན་ཁང་དུ་སྐྱོད་སྐབས་ལོ་བརྒྱ་སོང་བའི་ཤིང་འབྲས་སྡོང་པོ་དང་ས་མཐོའི་རྩྭ་རྩི་ཤིང་སྣ་ཚོགས་ལས་མུའུ་ཉི་བརྒྱའི་གླིང་དེ་སྔོ་ཐིང་ངེར་གནས། གླིང་ཁུལ་གྱིས་དབྱིངས་ཞུགས་མྱོང་རོལ་བྱ་ཡུལ་6བསྐྲུན་ནས་ཡུལ་སྐོར་བར་སྲོལ་རྒྱུན་གྱི་ལྟ་སྐོར་བྱེད་སྟངས་ཙམ་མིན་པར་ས་མཐོའི་གྲོང་གསེབ་ཀྱི་འཚོ་བ་མྱོང་རོལ་ཐུབ་པར་བྱས་ཡོད།

    ཡུལ་སྐོར་བ་ཆེད་གཏོགས་ཀྱི་རང་བྱུང་ཞིབ་འཇུག་སློབ་ཚན་ནང་ཞུགས་ཆོག་པ་དང་། བོད་ཀྱི་རྩ་ཆེའི་རྩི་ཤིང་ལ་རྒྱུས་མངའ་ལོན་པ། སྦྲང་ནོར་བུའི་འཚོ་བའི་གོམས་གཤིས་ལ་ལྟ་ཞིབ་བྱེད་པ། སྦྲང་རྩི་ལེན་པའི་བརྒྱུད་རིམ་ཧྲིལ་པོ་ཉམས་སུ་མྱོང་བ། སྦྲང་ནོར་བུའི་ངོ་མཚར་འཇིག་རྟེན་འཚོལ་ཞིབ་བཅས་བྱེད་ཆོག་པ་མ་ཟད། ཕྲུ་གུ་ཁྲིད་ནས་བྱིས་པའི་དཔེ་ཀློག་ཁང་དུ་བསྐྱོད་དེ་མེ་ཏོག་གི་དྲི་ཞིམ་ཁྲོད་དུ་དཔེ་ཀློག་དང་ལྷོ་ཁའི་དམངས་སྲོལ་གོམས་གཤིས་མྱོང་ཚོར་ཡང་བྱེད་ཆོག

    སྤུས་ཚད་མཐོ་བའི་ཡུལ་སྐོར་ཉམས་ལེན་ལ་སྲུང་སྐྱོང་བྱ་ཆེད། གླིང་ཁུལ་གྱིས་ཞིབ་ཚགས་ཅན་གྱི་འཁོར་རྒྱུག་ཚོད་འཛིན་དོ་དམ་བྱས་ནས་ཉིན་ལྟར་ཡུལ་སྐོར་བ་བརྒྱ་ལ་མ་གཏོགས་སྣེ་ལེན་ཞུ་གི་མེད་པ་རེད། མིག་སྔའི་བར། གླིང་ཁུལ་དེས་རིམ་རྩིས་བརྒྱབ་ན་ཡུལ་སྐོར་བ་མི་ཐེངས་ཁྲི་3ཙམ་ལ་སྣེ་ལེན་ཞུས་པ་དང་། ཡུལ་སྐོར་བའི་ཚོགས་པའི་གྲུབ་ཆ་རྒྱུན་མཐུད་ལེགས་སུ་བཏང་ནས་ཐོག་མའི་ས་གནས་དེ་གའི་ཁྱིམ་ཚང་དང་ཁེ་ལས་ཀྱི་ལས་མི་ནས་ཞིང་ཆེན་སྒྲོལ་ནས་སྒེར་འཁོར་བཏང་སྟེ་ཡུལ་སྐོར་དུ་ཡོང་བ་དང་ཡུལ་སྐོར་ལས་དོན་ཁང་གི་ཚོགས་པ་དེ་གར་ཡོང་བ་སོགས་ཁྱད་ལྡན་རིག་གནས་ཡུལ་སྐོར་སྤུས་རྟགས་ཀྱི་ཡིད་དབང་འཕྲོག་ཤུགས་རྒྱུན་མཐུད་ཆེ་རུ་འགྲོ་བཞིན་ཡོད་པ་རེད།

    སྦྲང་ནོར་བུའི་ཐོན་ལས་འཁོར་འབྲེལ་སྣུར་སྲིང་།

    སྦྲང་ནོར་བུའི་ལས་རྣམ་གསར་པ་གཏོད་པ།

    ཉིན་མོ་དེ་གར་ཡུལ་སྐོར་བྱེད་པ་ཕུད་ཡུལ་སྐོར་བ་དེ་གར་ཞག་སྡོད་ཀྱང་བྱེད་ཆོག

    གླིང་ཁུལ་གྱིས་སྦྲང་ཚང་གི་བརྗོད་དོན་གཙོ་བོའི་དམངས་སྲོལ་གནས་ཚང་9བསྐྲུན་པ་དང་མཚན་མོ་སྦྲང་ནོར་བུའི་སྒྲ་དང་འགྲོགས་ཏེ་གཉིད་དུ་ཡུར་བ་དང་། ཞོགས་པ་མལ་ལས་ལངས་སྐབས་སྒེའུ་ཁུང་ནས་གངས་རི་དང་མེ་ཏོག་སྡུག་གུར་བཞད་པའི་མཛེས་ལྗོངས་མཐོང་སྟེ་ཡུལ་སྐོར་བར་ཐུན་མོང་མ་ཡིན་པའི་མིག་གི་སྟོན་མོ་བཤམས་ཡོད།

    ཡུལ་སྐོར་བའི་ལག་རྟགས་ཀྱི་དགོས་མཁོར་དམིགས་ནས་གླིང་ཁུལ་གྱིས་སྤུས་ལེགས་ཀྱི་ལག་རྟགས་ཆ་ཚང་ཇུས་འགོད་ཞིབ་ཚགས་བྱས་ཤིང་། ལག་རྟགས་སྒམ་ཆུང་ནང་ས་མཐོའི་སྦྲང་རྩི་ལྷད་མེད་དང་སྦྲང་རྩིའི་ཐོན་རྫས་སྣ་ཚོགས་བླུགས་ཡོད། ཡུལ་སྐོར་བས“མཚན་མོའི་བུང་བའི་སྒྲ་དབྱངས”ཀྱི་སྤུས་རྟགས་དེ་བརྒྱུད་ས་མཐོའི་ངོ་མཚར་ངང་གིས་རྟོགས་ཐུབ།

    ས་མཐོར་གཞིས་ཚུགས་ཏེ་འཛམ་གླིང་ཕྱོགས་སུ་སྐྱོད་པ།

    སྦྲང་རྩིའི་ཐོན་ལས་ཀྱིས་གྲོང་གསེབ་དར་རྒྱས་ལ་མཐུན་རྐྱེན་སྦྱར་བ།

    ས་མཐོའི་སྦྲང་རྩི་དམ་བི་ཆུང་ཆུང་ཞིག་གིས་ལྷོ་ཁའི་རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་རྣམ་པ་གསར་པ་བཏོད་པ་མ་ཟད། ས་མཐོའི་ཐུན་མིན་གྱི་སྐྱེ་ཁམས་གཏིང་ཤུགས་ལ་བརྟེན་ནས། རྒྱལ་སྤྱིའི་གར་སྟེགས་སུ་བསྐྱོད་དེ་འཛམ་གླིང་ལ་བོད་ཀྱི་གྲོང་གསེབ་དར་རྒྱས་ཀྱི་གཏམ་རྒྱུད་བརྗོད་བཞིན་ཡོད་པ་རེད།

    ན་ནིང་ཟླ་9པར་འཚོགས་པའི་རྒྱལ་སྤྱིའི་སྦྲང་ནོར་བུ་གསོ་ཚགས་མཁན་མཐུན་ཚོགས་ཀྱི་ཚོགས་ཆེན་སྐབས་49པའི་ཐོག ཀྲུང་གོའི་སྦྲང་ནོར་བུ་གསོ་ཚགས་ལས་རིགས་ཀྱི་འཐུས་མི་གཅིག་པུ་དེ་ཡིན་པའི་ངོས་ནས། ཀྲང་ལེང་ཧྥུའུ་ཡིས“མཚན་མོའི་བུང་བའི་སྒྲ་དབྱངས”ས་མཐོའི་སྐྱེ་ཁམས་སྦྲང་ནོར་བུ་གསོ་ཚགས་བྱ་ཐབས་མཉམ་སྤྱོད་བྱས་པས། རྒྱལ་སྤྱིའི་ལས་རིགས་ཀྱི་གདེང་འཇོག་ཡག་པོ་ཐོབ་ཡོད། འདི་ནི་ཀྲུང་གོའི་ས་མཐོའི་སྦྲང་རྩིའི་ཐོན་ལས་འཛམ་གླིང་རིམ་པའི་སྦྲང་ནོར་བུའི་ལས་རིགས་ཀྱི་འདུ་ཚོགས་ཐོག་བསྐྱོད་ཐེངས་དང་པོ་ཡིན་པ་དེས་ལྷོ་ཁའི་ཁྱད་ལྡན་འཛད་སྤྱོད་གསར་པའི་སྤུས་རྟགས་རྒྱལ་སྤྱིའི་མཐོང་ཆོས་སུ་གྱུར་བར་བྱས་ཡོད།

    ཐོན་ལས་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བ་དང་སྦྲགས། དེ་ལས་བྱུང་བའི་ཁེ་འབབ་ཀྱིས་ས་གནས་དེ་ག་དང་དམངས་འཚོར་ཕན་པ་འདོགས་བཞིན་ཡོད། 2025ལོར་རིམ་རྩིས་བརྒྱབ་ན་ཁེ་སྤོགས་སྒོར་ཁྲི་406.22བགོ་འགྲེམས་བརྒྱབ་སྟེ། དུད་ཚང་9000དང་མང་ཚོགས་ཁྲི་3.1ལྷག་ཙམ་ལ་ཕན་པ་བཏགས་ཡོད། ལས་སྒྲུབ་གླ་ཕོགས་དང་། ས་ཞིང་བོགས་དངུལ། ཨར་སྐྲུན་སོགས་ཀྱི་ཡོང་འབབ་སྣ་ཚོགས་བསྡོམས་ན། ལོ་འཁོར་མོར་སྣེ་གདོང་ཆུས་ཀྱི་ཞིང་འབྲོག་པར་འབབ་འཕར་སྒོར་ཁྲི་800ལྷག་ཙམ་བྱུང་ཡོད།

    ཤེས་ལྡན་པ་གསོ་སྐྱོང་ཐད། ཁེ་ལས་ཀྱིས་ས་གནས་དེ་གར་གཞི་ཚུགས་རྒྱུ་མཐའ་འཁྱོངས་བྱས་ཤིང་། མིག་སྔར་ལས་གནས་སུ་ཡོད་པའི་ཆེད་སྒྲུབ་ལས་མི་ཚང་མ་བོད་ནས་ཡིན་པ་དང་། དེའི་ནང་གཞོན་ནུ་སློབ་ཆེན་སློབ་མ་10ཡོད། དེ་དང་དུས་མཚུངས། རྒྱུན་རྣམ་ཅན་གྱི་སྒོ་ནས་སྦྲང་ནོར་བུ་གསོ་མཁན་ཞིང་པའི་རྩལ་ནུས་གསོ་སྦྱོང་བྱས་པས། ལོ་འཁོར་མོར་རིམ་རྩིས་བརྒྱབ་ན་ས་གནས་དེ་གའི་སྦྲང་ནོར་བུ་གསོ་མཁན་ཞིང་པ་མི་ཐེངས་300ལྷག་ཙམ་གསོ་སྐྱོང་བྱས་ནས། ས་མཐོའི་སྦྲང་ནོར་བུའི་ཐོན་ལས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་ས་གནས་དེ་གའི་ཤེས་ལྡན་པའི་སྟོབས་ཤུགས་གསོ་སྐྱོང་བྱས་ཡོད།

    རི་ཟུར་གྱི་སྦྲ་གུར་ཞིག་ནས་རྒྱལ་ཁབ་ཀྱི་A3རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་བར་དང་། སྐད་གྲགས་དེ་ཙམ་མེད་པའི་རི་ཟུར་གྱི་སྦྲང་ནོར་བུ་གསོ་ཚགས་ར་བ་ནས་རྒྱལ་སྤྱིར་སྐད་གྲགས་ཆོད་པའི་ས་མཐོའི་སྤུས་རྟགས་བར། “མཚན་མོའི་བུང་བའི་སྒྲ་དབྱངས”ཀྱི་འཚར་ལོངས་གཏམ་རྒྱུད་ནི་བོད་ཀྱི་ཁྱད་ལྡན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་གྱི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད་ལ། ས་མཐོའི་གྲོང་གསེབ་དར་རྒྱས་ཀྱི་གསོན་ཉམས་དོད་པའི་ལག་ལེན་ཞིག་དེ་བས་ཀྱང་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།