དབུ་ཤོག>ཞིང་འབྲོག་གསར་པ།
  • སུར་པན་ཐོན་ལས་ཀྱིས་གྲོང་གསེབ་དར་རྒྱས་ལ་མཐུན་རྐྱེན་སྦྱར་བ།

    —— ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་སྣང་གྲོང་རྡལ་ཐོགས་མེད་གྲོང་ཚོའི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-06-17

    དཔྱིད་ཀྱི་ཉིང་ཁྲི་ནི་སུམ་རྩེན་གནས་མི་ཡུལ་ལ་འཕོས་པ་ལྟར་མཛེས་ཤིང་ལྟ་ན་སྡུག སྣང་རྫོང་སྣང་གྲོང་རྡལ་ཐོགས་མེད་གྲོང་ཚོའི་ཡུག་གཅིག་ཏུ་འབྲེལ་བའི་སུར་པན་འདེབས་འཛུགས་རྟེན་གཞིར་ཡུལ་མི་ཚོ་དུས་ཚིགས་གསར་པའི་སུར་པན་འདེབས་འཛུགས་ལས་ལ་བྲེལ་བཞིན་མཆིས།

    ས་མཐོར་གནས་པའི་གྲོང་ཚོ་ཆུང་ཆུང་དེས་སུར་པན་ཆུང་ཆུང་ལ་བརྟེན་ནས་གྲོང་ཚོ་ཡོངས་ཀྱི་ཞིང་དུད་80%ལྷག་ཙམ་འདེབས་འཛུགས་ལ་ཞུགས་རྒྱུར་སྐུལ་ཁྲིད་བྱས་པར་དུད་ཚང་རེར་ལོ་རེར་ཆ་སྙོམས་འབབ་འཕར་སྒོར་5000ལྷག་ཙམ་བྱུང་ཡོད།

    ཐོགས་མེད་གྲོང་ཚོ་ནི་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་སྣང་གྲོང་རྡལ་ཁོངས་སུ་གཏོགས་ཤིང་། སྣང་རྫོང་གྲོང་གི་ཉེ་འདབས་སུ་གནས་པ་དང་། རྫོང་གི་མ་ལམ་དང་བར་ཐག་ཉེ་བ། ས་བབ་ལེགས་པ། འགྲིམ་འགྲུལ་སྟབས་བདེ་བ་བཅས་ཡོད། གྲོང་ཚོ་ཡོངས་ཀྱི་མངའ་ཁོངས་སུ་རང་བྱུང་གྲོང་ཚོ་དང་ཚོགས་ཆུང་2ཡོད་པ་དང་མང་ཚོགས་99%བོད་རིགས་ཡིན་པ་རེད།

    སྣང་རྫོང་གི་ཐུན་མོང་མ་ཡིན་པའི་ས་མཐོའི་གནམ་གཤིས་དང་ས་རྒྱུ་གཤིན་པོ་ལས་ཐོགས་མེད་གྲོང་ཚོའི་སུར་པན་དམིགས་བསལ་ཞིག་ཡོད་དེ། ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བ་དང་ཉི་འོད་འདང་ངེས་ཡོད་པས། སུར་པན་གྱི་མདོག་ཡག་པ་དང་། ཁ་ཚ་ལོས་རན་པ། བྲོ་བ་ཆེ་བ་བཅས་ཡོད་པ་དང་སུར་པན་གྱི་སྤུས་ཀའང་སྤྱིར་བཏང་གི་ཐོན་ཡུལ་ལས་ལེགས་པ་ཡོད། “ཞིང་ལས་ཐོན་ལས་ལ་བརྟེན་ནས་གྲོང་རྡལ་སྟོབས་ཆེར་གཏོང་བའི”འཛུགས་སྐྲུན་གྱི་གོ་སྐབས་ལ་བརྟེན་ནས་ཐོགས་མེད་གྲོང་ཚོས་གྲོང་ཚོའི་ས་ཆའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ“གཅིག་སྡུད་ཡུག་སྦྲེལ+སྒོ་རའི་དཔེ་སྟོན”གྱི་གཞི་ཁྱོན་ཅན་གྱི་འདེབས་འཛུགས་བཀོད་པ་ཞིག་ཆགས་པར་བྱས་ནས་མུའུ་བརྒྱ་རིམ་པའི་སུར་པན་འདེབས་འཛུགས་ལྟེ་བའི་ཁུལ་བཏོད་པ་རེད།

    “དེ་སྔོན་སུར་པན་འདེབས་པར་ཉམས་མྱོང་ངེས་ཅན་དགོས་ཀྱི་ཡོད། འོན་ཀྱང་ད་ཆ་ཚན་རིག་ལ་བརྟེན་པས་ཆོག”ཅེས་ཐོགས་མེད་གྲོང་ཚོའི་གྲོང་ཚོའི་ཀྲུའུ་རེན་བློ་བཟང་དོན་གྲུབ་ཀྱིས་མྱོང་ཚོར་ཟབ་མོས་བཤད་པ་དང་། ཁོང་གིས། གྲོང་ཚོར་ཚན་རྩལ་ཆེད་མངགས་པ་དང་ཡུལ་འདི་གའི་འཇོན་ཐང་ཅན་ལས་གྲུབ་པའི་ལག་རྩལ་ཞབས་ཞུ་རུ་ཁག་བཙུགས་ཏེ། དུས་འཁོར་ཧྲིལ་པོའི་མཛུབ་ཁྲིད་བྱས་ནས་ལྗང་མདོག་སྔོན་འགོག་ཚོད་འཛིན་དང་། ཆུ་ལུད་གཞི་གཅིག་ཅན། ས་དཔྱད་ལུད་སྦྱོར་སོགས་སྔོན་ཐོན་ལག་རྩལ་ཁྱབ་གདལ་བཏང་ཡོད་ཅེས་བཤད།

    དེས་མ་ཚད་ཐོགས་མེད་གྲོང་ཚོས་ད་དུང་མུའུ་5ཡི་སྣ་ཁ་གསར་པ་ཚོད་ལྟའི་དཔེ་སྟོན་རྟེན་གཞི་བསྐྲུན་ནས་སྣང་རྫོང་གི་སུར་པན་དང་། སྣང་རྫོང་གི་སུར་པན་དང་ལྗོངས་ཕྱིའི་སོན་བཟང་འདྲེས་སྦྱོར་གྱི་སུར་པན་བདམས་པ་མ་ཟད། སུར་པན་སྐེམ་ས་ལེ་ལག་ཚང་པོ་ཞིག་ཀྱང་བསྐྲུན་ཡོད་པ་རེད།

    ད་ཆ་ཐོགས་མེད་གྲོང་ཚོས་སུར་པན་ཐོན་ལས་དེ་གྲོང་གསེབ་ཀྱི་ཡུལ་སྐོར་དང་རིག་གནས་རྒྱུན་འཛིན་དང་མཉམ་འདྲེས་གཏིང་ཟབ་བྱེད་སྟངས་འཚོལ་ཞིབ་བྱེད་བཞིན་ཡོད།

    ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་ཐོགས་མེད་གྲོང་ཚོས་གྲོང་ཚོའི་འགྲོ་ལམ་དང་ཆུ་འདྲེན་མདོང་དྲ་སོགས་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་དང་འཚོ་སྡོད་ཁོར་ཡུག་ལེགས་སུ་བཏང་བ་དང་ཆབས་ཅིག གྲོང་ཚོ་དེ་གའི་ངལ་རྩོལ་ནུས་ཤུགས་ལྷག་མ་ལས་ཀར་བཅུག་ཡོད། ད་ཆ་སུར་པན་ཆུང་ཆུང་དེ་ཐོགས་མེད་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི“གསེར་གྱི་ལྡེ་མིག”ལྟ་བུར་གྱུར་ནས“ཐོན་ལས་དར་རྒྱས་དང་། གྲོང་གསེབ་མཛེས་པ། ཞིང་པ་ཕྱུག་འགྱུར”བཅས་ཀྱི་རྒྱང་ལམ་གསར་པར་སྐྱོད་འགོ་ཚུགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།