ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གླིང་མདའ་ཤང་སྐུ་ཁམས་གྲོང་ཚོས།
ས་མཐོའི་ཆུ་འབྲས་ཚོད་འདེབས་ལོ་བཞི་བསྟུད་མར་བྱས་པ།
ཉིན་ཤས་གོང་། སོན་འདེབས་འཕྲུལ་འཁོར་གྱི་ལྡིར་སྒྲ་གྲགས་པ་དང་བསྟུན་ནས། ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གླིང་མདའ་ཤང་སྐུ་ཁམས་གྲོང་ཚོས་ཆུ་འབྲས་ཚོད་འདེབས་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ་རེད། དེ་ནི་གྲོང་ཚོ་དེས་ལོ་བཞི་བསྟུད་མར་ས་མཐོའི་ཆུ་འབྲས་ནང་འདྲེན་ཚོད་འདེབས་བྱས་ནས་ས་བབ་མཐོ་བའི་ས་ཁུལ་གྱི་ཆུ་འབྲས་འདེབས་སྟངས་གསར་པ་མུ་མཐུད་འཚོལ་ཞིབ་བྱས་པ་ཞིག་རེད།
ཚོད་འདེབས་བྱ་ཡུལ་དུ་འདེབས་འཛུགས་འཕྲུལ་ཆས་ཀྱིས་ཞིང་ནང་དུ་ལས་ཀ་ཧུར་ཐག་བྱེད་པ་དང་རྒྱ་ཚ་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱི་ཆེད་ལས་ལག་རྩལ་མི་སྣ་ཞིང་ནང་དང་མུ་ཁར་བསྐྱོད་དེ་འདེབས་འཛུགས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་རྗེས་སྙེགས་མཛུབ་ཁྲིད་བྱས་པ་རེད། གྲོང་མི་ཚོས་ས་གནས་དེ་གའི་ལྗང་པ་བྱུར་བུར་བླུགས་པའི་ལྗང་འཛུགས་འཕྲུལ་འཁོར་བྱང་ཆུབ་པོས་བཀོལ་སྤྱོད་བྱེད་བཞིན་ཡོད་པ་རེད།
“ད་ཐེངས་སྐུ་ཁམས་གྲོང་ཚོའི་ཆུ་འབྲས་ཚོད་འདེབས་རྒྱ་ཁྱོན་མུའུ་15ཟིན་པའི་རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་ཁྲི་58བཏང་ཡོད། རྒྱ་ཚ་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱི་ཞིང་ལས་ལག་རྩལ་ཆེ་མོ་བ་ཡེ་ཤེས་སྤེན་པས་གསར་འགོད་པར་སྐུ་ཁམས་གྲོང་ཚོར་ས་བབ་མཐོ་ཚད་སྨི་3200ལྷག་ཙམ་ཟིན་པ་དེ་ནི་མིག་སྔར་བོད་ཀྱི་ཆུ་འབྲས་འདེབས་འཛུགས་ཀྱི་ས་བབ་མཐོ་ཤོས་ཀྱི་ས་ཁོངས་ཀྱི་གྲས་ཤིག་རེད། གོམ་སྟབས་རྗེས་མར་ཞིང་ཁའི་རྒྱུན་གཏན་གྱི་དོ་དམ་སྲུང་སྐྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་བརྒྱུད་རིམ་ཧྲིལ་པོར་ལག་རྩལ་གྱི་མཛུབ་ཁྲིད་རྗེས་སྙེགས་བྱས་ཏེ་སྔོན་དཔག་བྱས་ན་ད་ལོ་ཆུ་འབྲས་མུའུ་རེར་ཐོན་ཚད་རྒྱ་མ་1200ལྷག་ཙམ་ཟིན་རེ་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ས་མཐོའི་ཆུ་འབྲས་ཚོད་འདེབས་རྒྱུན་མཐུད་བྱས་པས་སྐུ་ཁམས་གྲོང་ཚོའི་སྲོལ་རྒྱུན་ཞིང་ལས་སྐྱེ་དངོས་རྐྱང་པའི་འདེབས་འཛུགས་གྲུབ་ཆ་ལེགས་སུ་ནུས་ལྡན་ཕྱིན་པ་དང་། ས་བབ་མཐོ་བའི་ས་ཁུལ་གྱི་ཁྱད་ལྡན་ཞིང་ལས་སྣ་ཁ་ཕུན་སུམ་ཚོགས་སུ་ཕྱིན་ནས། ས་གནས་དེ་གའི་གནམ་གཤིས་དང་འཚམ་པའི་འབྲུ་རིགས་འདེབས་སྟངས་གསར་པ་འཚོལ་ཞིབ་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།