རྩལ་ནུས་གསོ་སྦྱོང་བྱས་ནས་འབབ་འཕར་ཐབས་ལམ་གཏོད་པ།
—— ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གིས་བུད་མེད་ཀྱི་ལག་ཤེས་འཁལ་འཐག་ལས་རིགས་འཕེལ་རྒྱས་བཏང་བའི་མཐོང་ཐོས།
ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་མཚོ་སྨད་གྲོང་རྡལ་བཞོ་ར་གྲོང་ཚོ་ཨུ་ལྷན་གྱི་སྒོ་རའི་ནང་འཁལ་འཐག་གསོ་སྦྱོང་དུས་ཐེངས་གཉིས་པ་ཚ་ཚ་འུར་འུར་ངང་བྱེད་བཞིན་ཡོད། བུད་མེད་30ལྷག་ཙམ་མཉམ་དུ་འཛོམས་ཏེ་གསོ་སྦྱོང་རྒན་ལགས་ཀྱི་ས་ནས་འཁལ་འཐག་ལག་རྩལ་སྦྱོང་བཞིན་ཡོད་པ་དང་། དགོད་སྒྲ་དང་འཕྲུལ་ཆས་ཀྱི་སྒྲའི་ཁྲོད་འབབ་འཕར་ཕྱུག་འགྱུར་གྱི་དགའ་འོས་པའི་རྣམ་པ་ཞིག་མངོན་བཞིན་མཆིས།
རྣམ་པ་དེ་ལྟ་བུ་ད་ལྟ་མཚོ་སྨད་རྫོང་དུ་མང་པོ་མཐོང་རྒྱུ་ཡོད།
ལག་ཤེས་འཁལ་འཐག་གི་ཆ་རྐྱེན་དམའ་ལ་རང་སོ་སོར་དུས་ཚོད་ཡོད་ན་འགྲིག་པ་མ་ཟད་ས་གནས་དེ་གའི་བུད་མེད་ཚོས་ཆུང་དུས་ནས་ཤེས་པའི་ལག་རྩལ་ཞིག་ཡིན་པས་གསོ་སྦྱོང་ཏོག་ཙམ་བྱས་ཚེ་ལམ་སེང་ཤེས་ཐུབ། གྲོང་གསེབ་བུད་མེད་ཀྱི་ངལ་ནུས་ལྷག་མ་ལས་ཞུགས་ལས་གཏོད་ཐད་སྤྱོད་དཀའ་བ་དང་འབབ་འཕར་ཐབས་ལམ་ཉུང་བ་སོགས་ཀྱི་གནད་དོན་ལ་དམིགས་ནས། ཉེ་བའི་ལོ་ཤས་རིང་། མཚོ་སྨད་རྫོང་གིས“གྲོང་ཚོར་གསོ་སྦྱོང་བྱེད་པ་དང་མངགས་ཐོ་དང་གཏན་འཁེལ”སོགས་ཀྱི་བྱེད་ཐབས་བརྒྱུད་གསོ་སྦྱོང་གི་འཆར་གཞི་ལུགས་མཐུན་ངང་བཀོད་སྒྲིག་གིས་ཁྱིམ་སྡོད་བུད་མེད་ལ་བབ་བསྟུན་ལས་ཞུགས་བྱེད་རོགས་བྱས་ཡོད།
བུད་མེད་སྔར་བས་མང་བར་ཁེ་ཕན་ཐོབ་ཆེད། མཚོ་སྨད་རྫོང་གིས་གཞི་རིམ་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་དང་མཉམ་ལས་ཁང་ལ་བརྟེན་ནས་རྩལ་ནུས་གསོ་སྦྱོང་གིས་རྒྱ་ཆེའི་བུད་མེད་ཚོས་ལག་ཤེས་ལས་སྣོན་ཐོན་ལས་གཉེར་བར་ཁྲིད་སྟོན་བྱས་ཏེ་བུད་མེད་མང་ཚོགས་ཀྱི་ནང་སྐྱེས་སྒུལ་ཤུགས་གང་ལེགས་འཕེལ་བ་དང་ལས་ཞུགས་ལས་གཏོད་ཀྱི་ཐབས་ལམ་རྒྱ་སྐྱེད་བཏང་ཡོད།
བཞོ་ར་གྲོང་ཚོ་དང་ཐག་ཉེ་བའི་སྤོས་དགའ་གྲོང་ཚོའི་བུད་མེད་ཀྱི་འཁལ་འཐག་ཁང་ནས་ཀྱང་བྲེལ་འཚུབ་ཆེ་བའི་རྣམ་པ་མངོན་ཞིང་། ཨ་ཅག་ཚོས་གླུ་ལེན་གྱིན་འཁལ་འཐག་ལས་ལ་གཞོལ་བ་དང་ཁོང་ཚོས་ཚོས་རྒྱག་པ་དང་། བལ་འཁེལ་བ། འཁལ་འཐག་སོགས་ཀྱི་ལས་རིམ་མང་པོ་བརྒྱུད་ཁ་དཀྲིས་དང་། བོད་རུམ། ཕྱི་རོལ་ཡུལ་གྱི་མཁོ་ཆས་སོགས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལག་ཤེས་བཟོ་རྩལ་ཐོན་རྫས་བཏགས་ནས་ལྗོངས་ཕྱི་ནང་དུ་འཚོང་གི་ཡོད།
2021ལོར། མཚོ་སྨད་རྫོང་གི་འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་ཤུགས་ཆེན་འོག ཚེ་རིང་ཆོས་སྒྲོན་གྱིས་ལྷོ་ཁའི་ཡིད་འོང་ཚོང་དོན་ཚད་ཡོད་ཀུང་སི་བཙུགས་པ་དང་། ཁོང་གིས་གྲོང་ཚོའི་གཅེན་གཅུང་ཚོ་རུབ་རུབ་བཟོས་ནས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གཙོ་བོར་བྱས་པའི་ཁུ་ལུའི་ཐོན་རྫས་འཁལ་འཐག་ཚོགས་པ་ཞིག་བཙུགས་པ་དང་འབྲེལ“ལུག་ཆུང”གི་སྤུས་རྟགས་ཀྱང་ཐོ་འགོད་བྱས་པ་རེད།
ས་གནས་དེ་གའི་བུད་མེད་དེ་བས་མང་བར་ཡོང་འབབ་དང་གདམ་ག་མང་པོ་ཡོད་པ་མཐོང་སྐབས་མཚོ་སྨད་རྫོང་མི་སྤྱི་ཅུས་ཀྱི་ཅུས་ཀྲང་ཚེ་རིང་ཆོས་འཕེལ་གྱིས“ང་ཚོས་རྩལ་ནུས་གསོ་སྦྱོང་དང་བུད་མེད་ཀྱི་ལས་གཏོད་ལས་ཞུགས་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས་བུད་མེད་དེ་བས་མང་བས་ཁྱིམ་ཚང་སྲུང་ཐུབ་པ་དང་ཡོང་འབབ་གསོག་ཐུབ་པ་བྱེད་དགོས”ཞེས་བཤད།
འབྲེལ་ཡོད་གསར་འགྱུར།