དབུ་ཤོག>ཞིང་འབྲོག་གསར་པ།
  • གྲོང་རྡལ་ཆུང་ངུའི་ཐོན་ལས་ཆེན་པོ།

    —— རང་ལྗོངས་ཀྱི་ཐོན་ལས་གྲོང་རྡལ་སྟོབས་ཆེན་དར་འཕེལ་བྱུང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-06-17

    ན་ནིང་ལོ་མཇུག་གི་ཉིན་ཞིག་ལ་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྐྱེད་པ་ཤང་ཤང་སྲིད་གཞུང་གི་ཚོགས་ཁང་དུ་མི་ཚོགས་ཀྱིས་ཁེངས་ཤིང་། དེ་གར་བོད་ལྗོངས་མཚན་མོའི་བུང་སྒྲ་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་ཀུང་སིས་ཁེ་སྤོགས་བགོ་འགྲེམས་རྒྱག་པའི་མཛད་སྒོ་འཚོག་གི་ཡོད་པ་རེད། “ལོ་10ཡི་གོང་ང་ཚོས་སྦྲང་སྒམ་20ཁྱེར་ནས་འདིར་ཡོང་བ་ཡིན། ལོ་10སོང་རྗེས་སྦྲང་ནོར་བུར་བརྟེན་ནས་མི་དེ་བས་མང་བས་སྣེ་གདོང་རྫོང་ལ་རྒྱུས་མངའ་ཡོང་བའི་རེ་བ་ཡོད”ཅེས་ཏུང་ཧྲི་ཀྲང་ཀྲང་ལེང་ཧྥུ་ཡིས་སྦྲང་ནོར་བུ་གསོ་མཁན་གྱི་ལག་ཏུ་དངུལ་སྨར་སྤྲོད་བཞིན་འདི་ལྟར་བཤད།

    ལྷོ་ཁའི་སྐྱེད་པ་ཤང་དུ་བུང་བའི་སྒྲ་དིར་དིར་གྲགས་པ་དང་། སྤོ་བོའི་ཁྲབ་རྨོག་གྲོང་རྡལ་དུ་ར་མོ་ཤག་ཆེན་ཡུག་སྦྲེལ་ནས་བཏབ་པ། སྙེ་མོའི་ཐོན་པ་གྲོང་རྡལ་དུ་སྤོས་ཀྱི་དྲི་བཟང་འཕྱུར་བ། སྦས་ཡུལ་མེ་ཏོག་རྫོང་དུ་ཇ་ལོའི་དྲི་ཞིམ་འཐུལ་བ་སོགས་ས་མཐོའི་ཤང་དང་གྲོང་རྡལ་ཚང་མ“གྲོང་རྡལ་གཅིག་གིས་ཁྱད་ལྡན་ཐོན་ལས་གཅིག་གཏོད་པའི”ཁྱད་ལྡན་གྱི་འཕེལ་རྒྱས་ཐབས་ལམ་ལ་བརྟེན་ནས་ལྗོངས་ཡོངས་ཀྱི་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་གལ་ཆེན་དུ་འགྱུར་བཞིན་ཡོད་པ་རེད།

    གྲངས་གཞི་ལས་མངོན་པར་གཞིགས་ན། མིག་སྔར་རང་ལྗོངས་སུ་ཁྱོན་ཐོན་ལས་གྲོང་རྡལ་སྟོབས་ཆེན་གྱི་རྣམ་གྲངས་32བསྐྲུན་ཡོད་པ་དང་རིམ་རྩིས་བརྒྱབ་ན་ཀྲུང་དབྱང་ནོར་སྲིད་ཀྱི་མ་དངུལ་སྒོར་དུང་ཕྱུར་2.22བཏང་ཡོད།

    ཡུལ་ཟོག་གི་ལེགས་ཆ་གང་ལེགས་བཏོན་ནས་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆར་བསྒྱུར་བ།

    རང་ལྗོངས་སུ་ས་རྒྱ་ཆེ་བ་དང་སྐྱེ་ཁམས་སྣ་མང་ཕུན་སུམ་ཚོགས་པོ་ཡོད་པས། ཤང་དང་གྲོང་རྡལ་སོ་སོར་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆ་ལྡན་ཡོད། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ས་གནས་དེ་གའི་ཁྱད་ཆོས་ལ་གཞིགས་ནས་ཐོན་ལས་གྲོང་རྡལ་སྟོབས་ཆེན་གཏོད་པར་ཤུགས་བརྒྱབ་སྟེ། ཁྱད་ཆོས་མངོན་པར་གསལ་ཞིང་ལེགས་ཆ་མངོན་གསལ་དོད་པའི་གྲོང་རྡལ་ཁོངས་ཀྱི་གཙོ་ཁྲིད་ཐོན་ལས་ཁག་གཅིག་ཆགས་པར་སྐུལ་འདེད་བཏང་ནས། མི་ཚོས་ཆ་རྒྱུས་མེད་པའི་ལུང་ཁུག་གི་ཡུལ་ཟོག་དེ་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་ལེགས་ཆར་བསྒྱུར་ཡོད།

    ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཐོན་པ་གྲོང་རྡལ་དུ་སྐྱོད་སྐབས་སྤོས་བཟོ་སའི་འཁོར་ཁང་ནས་དྲི་ཞིམ་འཐུལ་འོང་། སྙེ་མོ་རྫོང་གྲོང་ཁྱེར་འཛུགས་སྐྲུན་མ་འཇོག་ཀུང་སིའི་ཏུང་ཧྲི་ཀྲང་བསོད་ནམས་ཚེ་རིང་གིས“ང་ཚོས་དེ་སྔའི་བཟོ་ཁང་ཆུང་ངུ་ནས་ད་ཆའི་བཟོ་གྲྭ་བར་འཕེལ་རྒྱས་བཏང་ཡོད། རྗེས་སུ་ད་དུང་སྤོས་ཀྱི་རིག་གནས་དང་ལྗོངས་ཕྱིའི་ཁྲོམ་རའི་དགོས་མཁོ་ཟུང་འབྲེལ་བྱས་ཏེ་རིག་གནས་བསམ་བཀོད་ཀྱི་ཐོན་རྫས་ཞིབ་བཟོ་བྱེད་རྩིས་ཡོད”ཅེས་བརྗོད།

    དེ་སྔ་ས་མཐོའི་ཁེར་ཆགས་གླིང་ཕྲན་ཞེས་འབོད་པའི་མེ་ཏོག་རྫོང་དུ་ད་ཆ་རི་མཐོའི་སྐྱེ་ལྡན་ཇ་ནི་མཐའ་དར་དམངས་ཕྱུག་གི་སྒོ་མོ་འབྱེད་པའི་གསེར་གྱི་ལྡེ་མིག་ལྟ་བུར་གྱུར་ཡོད་ཅིང་། ཟླ་4པའི་ཟླ་མཇུག་བར་མེ་ཏོག་རྫོང་གིས་ད་ལོའི་ཇ་ལོ་སོས་པ་རྒྱ་མ་ཁྲི་8ལྷག་ཙམ་བཏོག་ནས་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་350ཡོང་བར་སྐུལ་ཁྲིད་བྱས་ཡོད་པས། མེ་ཏོག་རྫོང་གི་སྔོ་ལྗང་གི་ཇ་ལོ་དེ་ཕྱུག་པོའི་སྒོ་མོ་འབྱེད་པའི་གསེར་གྱི་ལྡེ་མིག་ངོ་མར་གྱུར་ཡོད།

    ཐོན་ལས་འཁོར་འབྲེལ་གྱི་རིན་ཐང་སྣུར་སྲིང་བྱས་ཏེ་ཐོན་ལས་རྐྱང་པ་ནས་ཐོན་གསུམ་མཉམ་འདྲེས་ཀྱི་ཕྱོགས་སུ་བསྐྱོད་པ།

    ཞོགས་པ་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྐྱེད་པ་ཤང་དུ་གནས་པའི་བོད་ལྗོངས་མཚན་མོའི་བུང་སྒྲ་རིག་གནས་སྐྱེ་ཁམས་མྱོང་རོལ་གླིང་དུ་མེ་ཏོག་རབ་ཏུ་བཞད་ཅིང་སྦྲང་ནོར་བུ་མེ་ཏོག་གི་ཟེའུ་འབྲུའི་རྩི་བཅུད་ལ་རོལ་བཞིན་ཡོད་པ་དང་། དེ་སྔའི་སྲོལ་རྒྱུན་སྦྲང་ཚང་ནི་ད་ཆ་ལྗོངས་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་དཔེ་སྟོན་རྣམ་གྲངས་ཤིག་ཏུ་གྱུར་ཡོད་ཅིང་། སྦྲང་རྩིའི་སྦི་རག་དང་། སྦྲང་རྩིའི་འདག་རྫས། སྦྲང་རྩིའི་སོ་སྨན་སོགས་ཟུར་སྣོན་རིན་ཐང་མཐོ་བའི་ཐོན་རྫས་ཀྱིས་རང་ལྗོངས་ཀྱི་སྦྲང་རྩིའི་ཐོན་རྫས་ལས་སྣོན་ཞིབ་ཚགས་ཁྱབ་ཁོངས་ཀྱི་སྟོང་ཆ་མང་པོ་བསྐངས་ཡོད། ཀྲང་ལེང་ཧྥུའུ་ཡིས“ན་ནིང་ཀུང་སིས་རིམ་རྩིས་བརྒྱབ་ན་སྣེ་གདོང་ཆུས་ཀྱི་ཞིང་འབྲོག་པར་ཡོང་འབབ་སྒོར་ཁྲི་800ལྷག་ཙམ་ཡོང་བར་བྱས་ཡོད”ཅེས་བརྗོད།

    ཐོན་ལས་མཉམ་འདྲེས་ཀྱི་གོམ་སྟབས་ད་དུང་མགྱོགས་སུ་འགྲོ་བཞིན་ཡོད། ད་ལོ་བོད་རང་སྐྱོང་ལྗོངས་ཀྱི་རྒུན་འབྲུམ་ཐོན་ལས་ཚོ་འདུས་དང་། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་མཚོ་སྟོད་ཤང(ནས)དང་། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གནམ་ཤང(ཤིས་ཀྭ) ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་བསམ་ཡས་གྲོང་རྡལ(པད་ཁ)བཅས་ཞིང་ལས་ཀྱི་ཐོན་ལས་གྲོང་རྡལ་སྟོབས་ཆེན་གསུམ་2026ལོའི་ཞིང་ལས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་རྣམ་གྲངས་ཀྱི་རྣམ་གྲངས་འཛུགས་པའི་མིང་ཐོའི་ནང་བདེ་བླག་ངང་ཚུད་པས། ལྗོངས་ཡོངས་ཀྱི་ཞིང་ལས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྒུལ་ཤུགས་གསར་པ་བསྣན་རྒྱུ་རེད།

    ཞིང་འབྲེལ་ཞིང་ཁྲིད་ཀྱི་ལམ་སྲོལ་གསར་དུ་བཏོད་ནས་ཐོན་ལས་ཀྱི་རིན་ཐང་འཕར་བའི་ཡོང་འབབ་མཉམ་དུ་སྤྱད་པ།

    ཞིང་འབྲེལ་ཞིང་ཁྲིད་ཀྱི་འགག་རྩ་ནི་ལམ་སྲོལ་གསར་གཏོད་ལ་རག་ལས་ཡོད་ཅིང་། སྤོ་བོ་རྫོང་ཁྲབ་རྨོག་གྲོང་རྡལ་གྱིས“ཁེ་ལས་དང་། རྟེན་གཞི། ཞིད་དུད”བཅས་ཟུང་དུ་འབྲེལ་བའི་ཞིང་འབྲེལ་ཞིང་ཁྲིད་ཀྱི་ལམ་སྲོལ་སྤྱད་དེ། སྲིད་འཛིན་གྲོང་ཚོ་36གི་དུད་ཁྱིམ་500ལྷག་ཙམ་གྱི་ཞིང་འབྲོག་པ་ར་མོ་ཤག་ཆེན་འདེབས་པའི་ནང་ཞུགས་པར་སྐུལ་ཁྲིད་བྱས་པས་དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.2བྱུང་ཡོད།

    སྲིད་ཇུས་ཀྱི་མཐུན་རྐྱེན་སྦྱར་བས་ཐོན་ལས་གྲོང་རྡལ་སྟོབས་ཆེན་གྱི་སྙུགས་ཤེད་སྔར་བས་ཆེ་རུ་ཕྱིན་ཡོད། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཀྱིས་ནོར་སྲིད་སོགས་སྡེ་ཚན་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ་གཉེར་སྐྱོང་བྱེད་པོ་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་བཏང་ཞིང་། དེ་ཡང་ཁག་དང་པོའི་གཉེར་སྐྱོང་བྱེད་པོ་26ལ་ཁ་གསབ་བྱ་དགའ་སྒོར་ཁྲི་1598.24སྤྲོད་པའི་ཆོག་མཆན་ཐོབ་པ་དང་། ཁག་གཉིས་པར་ཁ་གསབ་བྱ་དགའ་སྒོར་ཁྲི་825.44སྤྲོད་པའི་ཞིབ་དཔྱད་ལེགས་གྲུབ་ཟིན་ཡོད། ཐོན་ལས་གྲོང་རྡལ་སྟོབས་ཆེན་གྱི་་གྲུབ་འབྲས་ཐོབ་པའི་ལག་ལེན་རེ་རེ་ལས་རང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་སྟོབས་ཤུགས་ཆེན་པོ་གྲུབ་ཡོད། 2025ལོར། ལྗོངས་ཡོངས་སུ་ཐོན་ལས་གྲོང་རྡལ་སྟོབས་ཆེན་4གསར་དུ་འཛུགས་པ་དང་། ཐོན་ལས་ཚོ་འདུས་1མུ་མཐུད་འཛུགས་པའི་ཆོག་མཆན་ཐོབ་པ། ཐོན་ལས་གྲོང་རྡལ་སྟོབས་ཆེན་5ཡི་དུས་འབྲིང་གི་ཚོད་སྐོར་བདེ་བླག་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།