འདེབས་གསོ་གནད་སྨིན་བྱས། མང་ཚོགས་ཕྱུག་པོ་ཆགས།
ཞོགས་པའི་ཉི་གཞོན་གྱི་ཟེར་བརྒྱ་ཇོ་མོ་ཚེ་རིང་མཆེད་ལྔའི་དབུ་རྩེ་ནས་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་དུད་སྣ་ཤང་གི་ཡངས་པའི་ཞིང་ས་གཤིན་པོར་འཕྲོས། ཞིང་འཕྲུལ་གྱི་ལྡིར་སྒྲས་གྲོང་ཚོའི་ཁུ་སིམ་ཁད་ཀྱིས་དཀྲོགས་ཤིང་། ས་ཞིང་རྨོ་བ་དང་སོན་བཟང་བཤོ་བ་སོགས་ས་མཐོའི་ཞིང་འབྲོག་དར་རྒྱས་ཀྱི་ལྟ་ན་སྡུག་པའི་མཛེས་རིས་ཤིག་ཆ་སྙོམས་ས་བབ་སྨི་4500ལྷག་ཙམ་ཟིན་པའི་དུད་སྣ་ཤང་ནས་དལ་གྱིས་མངོན་འོང་།
ས་བབ་མཐོ་བའི་མཐའ་མཚམས་ཀྱི་ས་མ་འབྲོག་གི་ཤང་དང་གྲོང་རྡལ་ཞིག་ཡིན་པའི་ངོས་ནས་སྔོན་མ་མཐོ་གྲང་གི་གནམ་གཤིས་དང་ལག་རྩལ་ཞན་པ་སོགས་ཀྱི་དཀའ་གནད་ཀྱི་ཚོད་འཛིན་ཕོག་པས། ས་ཞིང་ལ་ཐོན་འབབ་ཡག་པོ་དེ་ཙམ་མེད་ལ། འབྲོག་ལས་ཀྱི་འཕེལ་ཁའང་བརྟན་པོ་མེད།
ཉེ་བའི་ལོ་5ཡི་རིང་། ཤང་དེས་ཐོན་ཁུངས་ཀྱི་དམིགས་བསལ་ལེགས་ཆར་གཞི་ཚུགས་ཏེ་ཞིང་ལས་ལ་བརྟེན་ནས་རྩ་བ་བརྟན་དུ་གཏོང་བ་དང་ཐོན་ལས་ལ་བརྟེན་ནས་དམངས་རྣམས་ཕྱུག་འགྱུར་མཐའ་འཁྱོངས་བྱས་ཏེ་འདེབས་གསོ་ཟུང་འབྲེལ་དང་སྤུས་འབྲས་ལེགས་གཉེར་གྱི་ཁྱད་ལྡན་ཐོན་ལས་དར་རྒྱས་ཀྱི་ལམ་བུར་བསྐྱོད་ཡོད།
གནམ་གཤིས་དྲོ་རུ་ཕྱིན་པ་དང་བསྟུན་ནས་རྒུར་རུ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལྷག་པ་ཚེ་དབང་གིས“ཡུལ་མི་ཚོའི་སྣེ་ཁྲིད་དེ་དུས་ཚོད་བཟང་པོ་དམ་འཛིན་བྱས་ནས་ཐོན་འབབ་མཐོ་བའི་ནས་སོན‘ཧི་མ་ལ་ཡ་ཨང་23’ནུས་ཤུགས་ཡོད་རྒུས་བཏབ་པ་ཡིན། ན་ནིང་ང་ཚོའི་ནས་ཀྱི་སོན་བཟང་གི་ཚོང་ལམ་ཡག་པོ་བྱུང་སྟེ་ཤང་གཞན་དག་ལ་བཙོངས་པར་ཚང་མས་བསྔགས་བརྗོད་བྱེད་ཀྱི་འདུག ད་ལོ་འདེབས་ཁྱོན་མུའུ་འགའ་ཤས་མང་དུ་བཏང་སྟེ་ཚང་མར་ཡོང་འབབ་དེ་བས་མང་བ་རག་པ་བྱེད་ཀྱི་ཡིན”ཞེས་བཤད། ལྷག་པ་ཚེ་དབང་གི་བབ་ཆགས་པའི་སྐད་ཆ་ལས་མང་ཚོགས་ཚོས་འབབ་འཕར་ལ་ཡིད་ཆེས་ཀྱིས་ཁེངས་པ་མཚོན་གྱི་འདུག
དེ་སྔ་ས་བབ་མཐོ་བ་དང་། ཐོན་འབབ་ཉུང་བ། སོན་སྣ་རྙིང་པ་བཅས་ཀྱིས་དུད་སྣ་ཤང་གི་ནས་ཀྱི་ཐོན་ལས་འཕེལ་རྒྱས་ལ་ཚོད་འཛིན་ཕོག་ཡོད། གནམ་ཆུ་སྒུག་ནས་སྡོད་པའི་སྲོལ་རྒྱུན་གྱི་བྱེད་སྟངས་དེ་རིགས་ལ་འགྱུར་ལྡོག་གཏོང་ཆེད། ཤང་གིས་སོན་བཟང་དང་ཐབས་བཟང་ཁྱབ་གདལ་ཤུགས་ཆེན་གཏོང་བ་དང་། འདེབས་འཛུགས་ཀྱི་གྲུབ་ཆ་རྒྱུན་མཐུད་ལེགས་སུ་གཏོང་བ། སྤུས་ལེགས་ནས་ཀྱི་འདེབས་ཁྱོན་ནུས་ཤུགས་ཡོད་རྒུས་རྒྱ་ཆེར་གཏོང་བ་བཅས་བྱས་ཡོད།
ལོ་5ཡི་རིང་ཤང་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན“ཧི་མ་ལ་ཡ་ཨང་23”གྱི་ནས་མུའུ་1270བཏབ་པ་དང་སྤྱིའི་ཐོན་འབབ་ཏུན་323.85ཟིན་ཏེ་སྤུས་ལེགས་ནས་ཀྱིས་ཡུལ་འདི་གའི་དགོས་མཁོ་སྐོང་ཐུབ་པ་མ་ཟད། ད་དུང་ཕྱིར་བཙོངས་ནས་ཡོང་འབབ་ཀྱང་གསོག་ཐུབ་པ་བྱུང་ཡོད།
ཞིང་ཕན་སྲིད་ཇུས་དོན་འཁྱོལ་གནད་སྨིན་བྱས་པ་ལས་ས་མཐོའི་ཞིང་ལས་ལ་གསོན་ཤུགས་གསར་པ་འཕེལ་ཞིང་། ལོ་5ཡི་རིང་དུད་སྣ་ཤང་གིས་ཞིང་འཕྲུལ་ཉོ་སྒྲུབ་ཀྱི་ཁ་གསབ་སྲིད་ཇུས་དོན་འཁྱོལ་གནད་སྨིན་བྱས་པ་དང་། རིམ་རྩིས་བརྒྱབ་ན་ཁ་གསབ་དངུལ་སྒོར་ཁྲི་101.8སྤྲད་ནས་འཕྲུལ་ཆས་ཅན་གྱི་འདེབས་འཛུགས་དང་རྨོ་འདེབས་ལག་རྩལ་ཁྱབ་གདལ་ཤུགས་ཆེན་བཏང་སྟེ། སྔོན་མ་མི་ཤུགས་ངལ་རྩོལ་གྱི་ལས་ཕྱོད་ཆུང་བ་དང་རྨོ་འདེབས་རགས་ལས་ཡིན་པའི་རྣམ་པར་རྦད་དེ་འགྱུར་ལྡོག་བཏང་ཡོད།
ཞིང་ཐང་དུ་སྙེ་མའི་མགོ་ལྕོག་ལྡེམ་ལྡེམ་གཡོ་ཞིང་། འབྲོག་ར་ཡོངས་སུ་ནོར་ལུག་ལ་ཤ་ཤེད་རྒྱས་ཏེ་འཕེལ་ཁ་བཟང་། དུད་སྣ་ཤང་དུ་གམ་པའི་ལུག་གསོ་ཚགས་བྱེད་པ་ནི་ཡུལ་དེའི་སྲོལ་རྒྱུན་ཐོན་ལས་ཡིན་ཡང་དེ་སྔ“ཡག་པོ་གསོས་ཀྱང་ཚོང་ལམ་ཡག་པོ་མེད་པས་དུས་ཚོད་ཡག་པའི་དུས་སུ་ཕུང་གསོག་ཐེབས་པ་དང་ཚོང་ལམ་མེད་པའི་དུས་སུ་འཚོང་མི་ཐུབ་པའི”དཀའ་གནད་འཕྲད་ཡོད། འབྲོག་ལས་ཀྱི་དུས་ཚིགས་རང་བཞིན་གྱི་ཞན་ཆ་སེལ་ཆེད། ཤང་གིས་ཚད་ལྡན་ཅན་གྱི་གསོ་ཚགས་ཐོན་ལས་རྒྱུན་མཐུད་སྟོབས་ཆེ་རུ་བཏང་བ་དང་རྒྱུན་རྣམ་ཅན་གྱི་སྒོ་ནས་ལག་རྩལ་གཤམ་སྤེལ་གྱི་ཞབས་ཞུ་བསྒྲུབས་ཏེ། ལས་བྱེད་པ་དང་འབྲོག་ལས་ལག་རྩལ་པ་གྲོང་ཚོ་དང་དུད་ཚང་ཚང་མར་བཏང་སྟེ་དུས་བཀག་ནང་ལྷས་རར་དུག་སེལ་དང་། ནད་ཡམས་འགོག་བཅོས། གསོ་ཚགས་མཛུབ་ཁྲིད་བཅས་བྱས་ནས་འབྲོག་པར་གསོ་ཚགས་ཆུ་ཚད་མཐོ་རུ་གཏོང་རོགས་བྱས་ཡོད། དེ་དང་ཆབས་ཅིག ཤང་གིས་ཕྱུགས་ཟོག་དུས་ཐུང་སྡོམ་གསོས་དང་འཚང་གཡོལ་བཤས་གཏོང་གི་བྱེད་སྟངས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་ཡོད།
“ད་ཆ་མཉམ་ལས་ཁང་གིས་གཅིག་གྱུར་ཉོ་སྒྲུབ་དང་གཅིག་གྱུར་བཤས་གཏོང་བྱེད་པ་དང་ད་དུང་གྲང་ཕྲེང་མཛོད་ཉར་བྱས་ཏེ་འཚང་གཡོལ་གྱིས་ལུག་བཙོངས་པར་གོང་ཡག་པོ་རག་གི་འདུག”ཅེས་འབྲོག་པ་པ་སངས་རྒོད་སྐྱེས་ཀྱིས་བརྗོད།
འབྲོག་པའི་གདེང་ཚོད་ཆེན་པོ་ནི་མ་འཇོག་སྒོར་ཁྲི་197.08བྱས་པའི་རྒུར་རུ་གྲོང་ཚོའི་གམ་པའི་ལུག་གི་གྲང་ཕྲེང་མཛོད་ཉར་མ་ལག་འཛུགས་སྐྱོང་རྣམ་གྲངས་ལས་བྱུང་ཞིང་། 2025ལོར་ལས་མཇུག་འགྲིལ་བའི་རྣམ་གྲངས་དེས་ཡུལ་དེའི་འབྲོག་ཟོག་བྲིན་ཚོང་བྱེད་སྐབས“རླུང་རྟ་དང་དུས་ཚིགས་ལ་ལྟ་དགོས་པའི”ལོ་རྒྱུས་རྦད་དེ་མཇུག་འགྲིལ་ཡོད། གྲང་ཕྲེང་མཛོད་ཉར་ལ་བརྟེན་ནས་མང་ཚོགས་ཚོས་རང་བརྟེན་ངང་ལུག་ཤ་འཚང་གཡོལ་བྱས་ནས་འཚོང་ཆོག་པས་ལུག་ཤ་ཡག་པོར་དངོས་འབྲེལ་གོང་ཡག་པོ་རག་གི་ཡོད།
2022ལོ་ནས་བཟུང་། ཤང་ཡོངས་སུ་རིམ་རྩིས་བརྒྱབ་ན་ཕྱུགས་རིགས་མགོ་གྲངས་34031བཤས་བཏང་བ་དང་མང་ཚོགས་ལ་བཤས་གཏོང་ཁ་གསབ་སྒོར་ཁྲི་845སྤྲད་ཡོད།
འདེབས་འཛུགས་དང་གསོ་ཚགས་ཕྱོགས་གཉིས་ཀར་ཤུགས་བརྒྱབ་སྟེ་སྣ་མང་ཐོན་ལས་ལ་བརྟེན་ནས་མང་ཚོགས་ཕྱུག་པོ་ཆགས་པར་བྱས་ཤིང་། ནས་དང་འབྲོག་ལས་ཀྱི་གཙོ་ཁྲིད་ཐོན་ལས་སྟོབས་ཆེར་གཏོང་བ་དང་དུས་མཚུངས། དུད་སྣ་ཤང་གིས་ཡུལ་བབ་དང་བསྟུན་ནས་ས་མཐོའི་སྤྱི་གནོད་མེད་པའི་སྔོ་ཚལ་འདེབས་འཛུགས་ལས་རིགས་འཕེལ་རྒྱས་བཏང་སྟེ་ས་བབ་མཐོ་བའི་ས་ཁུལ་དུ་སྔོ་ཚལ་དང་ཤིང་འབྲས་དཀོན་པ་དང་འབབ་འཕར་ཐབས་ལམ་རྐྱང་པ་ཡིན་པའི་ཞན་ཆ་བསལ་ཡོད། མདོ་ཆེན་གྲོང་ཚོའི་ས་མཐོའི་སྤྱི་གནོད་མེད་པའི་སྔོ་ཚལ་འདེབས་འཛུགས་མཉམ་ལས་ཁང་གི་དྲོད་ཁང་དུ་སྐྱོད་སྐབས། གང་སར་སྔོ་ཐིང་ངེར་གནས་པ་དང་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་ནས། པད་ཚལ་སོགས་སྔོ་ཚལ་ཁག་སྐྱེ་འཚར་ཡག་པོ་ཡོད་པ་རེད། “སྔོན་ཆད། འདི་གར་ཚལ་གང་ཡང་འདེབས་ཐུབ་ཀྱི་མེད། ད་ཆ་རང་ཉིད་ལ་སྔོ་ཚལ་སོས་པ་བཟའ་རྒྱུ་ཡོད་པ་མ་ཟད། ད་དུང་ཚལ་ལྷག་མ་བཙོངས་ནས་ཡོང་འབབ་གསོག་ཐུབ་ཀྱི་ཡོད”ཅེས་མཉམ་ལས་ཁང་གི་ཚོགས་མི་པ་དོན་གྱིས་སྔོ་ཚལ་བསྡུ་ཞོར་དུ་གསར་འགོད་པར་བརྗོད།
ཐོན་ཚོང་གི་འགག་གནད་ཤར་གཏོང་བྱ་ཆེད། ཤང་ཏང་ཨུད་དང་སྲིད་གཞུང་གིས་ཁོངས་གཏོགས་ཁུལ་གྱི་ལས་ཁུངས་ཚན་པ་དང་སློབ་གྲྭའི་ཟ་ཁང་དང་སྦྲེལ་མཐུད་ཧུར་ཐག་བྱས་ནས། བརྟན་ལ་ཕུགས་འཁྱོངས་པའི་ས་གནས་དེ་གའི་ཕྱིར་ཚོང་ཐབས་ལམ་བཏོད་དེ་ས་མཐོའི་ལྗང་མདོག་སྔོ་ཚལ་དག་ས་ཆ་དེ་རང་དུ་འབབ་འཕར་གྱི་ཕན་འབྲས་སུ་བསྒྱུར་ཡོད། ལོ་ལྔའི་རིང་། མཉམ་ལས་ཁང་གིས་རིམ་རྩིས་བརྒྱབ་ན་སྔོ་ཚལ་ཏུན་425བཙོངས་པར་དུད་ཚང་33གྱི་མང་ཚོགས་160ལ་ཁེ་སྤོགས་སྒོར་ཁྲི་153བགོ་བཤའ་རག་ཡོད།
སོན་བཟང་དོན་འཁྱོལ་བྱས་ནས་ཐོན་འབབ་བརྟན་པོ་ཡོང་བར་བྱེད་པ་ནས་གྲང་ཕྲེང་གིས་ཐོན་ལས་ཀྱི་ཞན་ཆ་སེལ་བའི་བར་དང་། ལག་རྩལ་གཤམ་སྤེལ་གྱིས་གསོ་ཚགས་ལ་རམ་འདེགས་བྱེད་པ་ནས་སྣ་མང་ཐོན་ལས་ལ་བརྟེན་ནས་འབབ་འཕར་གྱི་ཐབས་ལམ་རྒྱ་ཆེར་གཏོང་བའི་བར། དངོས་སྒྲུབ་ཀྱི་བྱེད་ཐབས་རབ་དང་རིམ་པས་དུད་སྣ་ཤང་གིས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་གོམ་སྟབས་བརྟན་པོ་ཞིག་སྤོས་ཡོད། 2025ལོར་དུད་སྣ་ཤང་གི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་23006.79ཟིན་པ་དེ་དུས་མཚུངས་ལས་15.08%འཕར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།