དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ལྷ་རི་རྫོང་ཉི་འོད་ཤང་།

    གཞུང་ལམ་བསྐྱར་སྐྲུན་བྱས། ཐོན་ལས་དར་ཞིང་རྒྱས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-13

    ཉེ་ཆར། ལྷ་རི་རྫོང་ཉི་འོད་ཤང་ནས་དུ་པ་གྲོང་ཚོར་སྐྱོད་སའི་གྲོང་གསེབ་གཞུང་ལམ་བསྐྱར་སྐྲུན་བྱ་ཡུལ་དུ་ལས་བྲེལ་ཤིན་ཏུ་ཆེ་ཞིང་། ཡུལ་མི་པད་མ་ཚེ་གྲུབ་ཀྱིས་སྔོག་འཕྲུལ་བཏང་ནས་ཨར་ལས་བྱེད་བཞིན་དུ་ཕ་ཡུལ་གྱི་འགྱུར་ལྡོག་ལྷུག་པོར་གླེང་ཞིང་། ཁོང་གིས“ད་ཆ་ང་ཚོའི་ཤང་གི་ཡུལ་མི་མི་ཉུང་བས་རང་ཁྱིམ་གྱི་འཕྲུལ་འཁོར་བཏང་ནས་གཞུང་ལམ་འཛུགས་སྐྲུན་ནང་ཞུགས་ཀྱི་ཡོད། ཁྱིམ་གྱི་སྒོ་རྩ་ནས་ལས་ཞུགས་ཐུབ་ལ་ཡོང་འབབ་མི་ཉུང་བ་ཞིག་ཀྱང་བྱུང”ཞེས་འཛུམ་མདངས་འཕྱུར་བཞིན་བཤད། གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ལ་བརྟེན་ནས་ཉི་འོད་ཤང་གི་མང་ཚོགས་རང་ཡུལ་ནས་ལས་ཞུགས་ཐུབ་པ་དང་ཡོང་འབབ་ཡང་འཕར་ནས་ཕུགས་འདུན་བཟང་པོ་མངོན་འགྱུར་ཐུབ་ཡོད།

    ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་གི་ཤར་རྒྱུད་དང་རྒྱལ་ལམ་349ལམ་རྒྱུད་དུ་ཡོད་པའི་ཆ་སྙོམས་ས་བབ་མཐོ་ཚད་སྨི་3000ཟིན་པའི་ཉི་འོད་ཤང་ནི་ནག་ཆུ་གྲོང་ཁྱེར་གྱི་ས་བབ་དམའ་བའི་ས་ཁུལ་ཉུང་ཤས་ཀྱི་གྲས་ཤིག་རེད། དེའི་ཁོངས་གཏོགས་སུ་ནགས་གསེབ་ཐོན་ཟོག་དང་། བོད་ཕག མུའུ་ཁྲིའི་ཁམ་བུའི་མེ་ཏོག རང་བྱུང་རི་ཆུ་སོགས་ཁྱད་ལྡན་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། ལོ་འགའི་སྔོན་དུ་ཤང་ནང་གི་བགྲོད་ལམ་རིམ་པ་དམའ་བ་དང་འགྲོ་སྐྱོད་བདེ་པོ་མེད་པས་མང་ཚོགས་ཀྱི་འགྲུལ་བཞུད་སྟབས་བདེ་པོ་མེད་ལ། ནགས་གསེབ་ཐོན་ཁུངས་ཕྱིར་ཚོང་ཡང་མང་པོ་ཐུབ་ཀྱི་མེད་པ་དེ། ས་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་གྲོང་གསེབ་ཚད་རིམ་གཉིས་སྤོར་བྱེད་པར་འཕྲད་པའི་རྙིང་ཆེ་དཀའ་གསུམ་གྱི་གནད་དོན་ཞིག་རེད།

    དེར་བརྟེན། ལྷ་རི་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་ཉི་འོད་ཤང་གི་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་ལས་དོན་ལ་མུ་མཐུད་བཀོད་སྒྲིག་བྱས་ཏེ། ཉི་འོད་ཤང་གིས་ཁམ་བུའི་མེ་ཏོག་རིག་གནས་ཡུལ་སྐོར་དང་ནགས་གསེབ་དཔལ་འབྱོར་སོགས་ཐོན་ལས་སྣ་ཚོགས་འཕེལ་རྒྱས་ཤུགས་ཆེན་གཏོང་བར་རམ་འདེགས་བྱས་ཤིང་། 2024ལོའི་ཟླ་12པར་རྒྱལ་ལམ་349ནས་ཉི་འོད་ཤང་གཡི་དཀར་གྲོང་ཚོ་བར་གྱི་གཞུང་ལམ་སྒྱུར་བཀོད་ལས་གྲྭ་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་པ་དང་། ལམ་ཐག་ཧྲིལ་པོར་སྤྱི་ལེ་45ཙམ་ཡོད་ཅིང་། ཤར་ནས་ནུབ་བར་གྱི་སྲིད་འཛིན་གྲོང་ཚོ་6གི་དུད་ཚང་202ཀྱི་མང་ཚོགས་977ལ་ཁྱབ་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔའི་བར་གྲོང་གསེབ་ཀྱི་གཞུང་ལམ་དེའི་ལམ་དུམ་མང་ཆེ་བ་བསྐྲུན་ཟིན་ཡོད། འཛུགས་སྐྲུན་བྱེད་རིང་ལས་གྲྭས་སྔོན་ལ་ས་གནས་དེ་གའི་མང་ཚོགས་དང་དེ་བཞིན་འཕྲུལ་ཆས་འཛུགས་སྐྲུན་ལ་ཞུགས་སུ་བཅུག་པ་དང་། ཡུལ་མི་རང་ཉིད་ཀྱི་འཕྲུལ་ཆས་བེད་སྤྱོད་བྱེད་ཚད་70%ལས་བརྒལ་བ། འཕྲུལ་ཆས་བོགས་མར་གཏོང་བ་དང་སྐྱེལ་འདྲེན་ཞབས་ཞུའི་ནང་ཞུགས་པ་ཁོ་ནས་ས་གནས་དེ་གའི་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་4200ཙམ་བྱུང་ཡོད། དེ་དང་ཆབས་ཅིག་ལས་གྲྭས་ད་དུང་ས་གནས་དེ་གའི་ཞིང་འབྲོག་པ་འཛུགས་སྐྲུན་ནང་བསྡུས་པ་ལས། མང་ཚོགས་ལ་སྒོ་རྩ་ནས་ཡོང་འབབ་གསོག་རྒྱུ་བྱུང་ལ་འབྲེལ་ཡོད་རྩལ་ནུས་ཀྱང་ཁོང་དུ་ཆུད་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།