བསམ་གྲུབ་རྩེ་ཆུས་ལྷ་ཁུད་གྲོང་ཚོས་གྲོང་གསེབ་དར་རྒྱས་ཀྱི་སྒུལ་ཤུགས་གསར་པ་འཕེལ་བར་བྱས་པ།
ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཆུ་མིག་ཤང་ལྷ་ཁུད་གྲོང་ཚོའི་ཏང་ཀྲི་པུས་ཏང་འཛུགས་སྐྱོང་གིས་གྲོང་གསེབ་དར་རྒྱས་ལ་སྣེ་ཁྲིད་བྱེད་པའི་གཙོ་རྐང་སྟངས་འཛིན་བྱས་ཏེ། ཏང་རྩ་འཛུགས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་ནས་གྲོང་ཚོ་ཡོངས་སྲོལ་རྒྱུན་གྱི་གྲོང་ཚོ་ནས་ཞི་མཐུན་བཅོས་སྐྱོང་ལ་མཁས་པ་དང་། འབྱོར་ཕྱུག་སྡོད་མལ་ལ་འཚམ་པ། མཛེས་མཐུན་གྲོང་གསར་བཅས་སུ་མགྱོགས་མྱུར་འགྱུར་བར་སྐུལ་འདེད་བཏང་ཡོད།
གཞི་རིམ་སྟོབས་དང་ལྡན་ན་བཅོས་སྐྱོང་བྱེད་ཤུགས་ཆེ། བཙན་རྫོང་བརྟན་ན་གྲོང་གསེབ་དར། ལྷ་ཁུད་གྲོང་ཚོའི་ཏང་ཀྲི་པུས་རྩ་འཛུགས་སྟོབས་ཆེར་གཏོང་རྒྱུ་དེ་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་སྐབས་བརྗེའི་ཚད་གཞི་ནན་དུ་གཏོང་བ་དང་། ཚན་ཁག་ལེགས་འདེམས་ཧྲག་སྒྲིག་བྱེད་པ། ཕྱུག་འགྱུར་སྣེ་ཁྲིད་པ་དང་གཞོན་ནུ་སློབ་ཆེན་སློབ་མ་སོགས་རྐང་འཛིན་སྟོབས་ཤུགས་བསྡུ་ལེན་བཅས་བྱས་ཏེ་ཏང་ཡོན་དཔུང་ཁག་རྒྱུན་མཐུད་སྟོབས་ཆེར་བཏང་ཡོད། རྒྱུན་རྣམ་ཅན་གྱི་ལས་སྒོའི་གསོ་སྦྱོང་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་ཁྲིད། ཉེན་ཟོན་སློབ་གསོ་སོགས་ཀྱི་བྱེད་སྒོ་སྤེལ་ནས་འགན་འཁྲི་སྒྲུབ་ནུས་ཕྱོགས་ཡོངས་ནས་ཆེ་རུ་བཏང་ཡོད། འདི་ལོའི་ལོ་འགོ་ནས་ད་བར། རྩོད་གཞི་འདུམ་འགྲིག་དང་། དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོར། ཁོར་ཡུག་བཅོས་སྒྲིག་སོགས་དང་བླངས་ཞབས་ཞུ་ཐེངས་50ལྷག་ཙམ་སྤེལ་བ་དང་། དངོས་སྒྲུབ་འགན་འཁུར་ལ་བརྟེན་ནས་ཏང་དམངས“སེམས་སྦྲེལ་ཟམ་པ”བསྐྲུན་ཏེ་ཏང་དར་གཞི་རིམ་གྱི་འཐབ་ས་དང་པོར་ལྷབ་ལྷུབ་ཏུ་གཡོ་བ་དང་མང་ཚོགས་བློ་ཡིད་ཚིམ་ཚད་100%ཟིན་ཡོད།
ལྷ་ཁུད་གྲོང་ཚོའི་ཏང་ཀྲི་པུས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས“ཏང་ཀྲི་པུའུ་དང་། མཉམ་སྡེབ་དཔལ་འབྱོར། མཉམ་ལས་ཁང་། ཀུང་སི་བཅས་ཟུང་དུ་འབྲེལ་བའི”བྱེད་སྟངས་ཁྱབ་གདལ་བཏང་སྟེ། རྩ་འཛུགས་ཀྱི་ལེགས་ཆ་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་སྒྱུར་བ་དང་། གཟན་རྩྭ་འདེབས་འཛུགས་དང་སྐྱེ་ཁམས་ཡུལ་སྐོར་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྟོབས་ཆེར་གཏོང་བ། འདེབས་གསོ་ཟུང་འབྲེལ་དང་། རིག་གནས་དང་ཡུལ་སྐོར་གྱི་མཐུན་རྐྱེན་སྦྱར་བ། སྣ་མང་འདེགས་སྐྱོར་བཅས་ཀྱི་གྲོང་གསེབ་ཀྱི་ཐོན་ལས་མ་ལག་གཏོད་པ་བཅས་བྱས་ཏེ་ཐོན་ལས་དར་རྒྱས་ལ་བརྟེན་ནས་མང་ཚོགས་ལ་འབབ་འཕར་བརྟན་པོ་ཡོང་བར་སྐུལ་ཁྲིད་བྱས་ཡོད། 2025ལོའི་ལོ་མཇུག་ཏུ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་325.78ཟིན་པ་དེ་དུས་མཚུངས་ལས་38.5%འཕར་བ་དང་། ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་3.1ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་12.73%འཕར་བ། མང་ཚོགས་180ས་ཆ་དེ་རང་དང་ཐག་ཉེ་སར་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱེད་པ། མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་3.07འཕར་བ་བཅས་བྱུང་ནས་ཏང་འཛུགས་སྐྱོང་སྟོབས་ཆེན་དང་། ཐོན་ལས་དར་རྒྱས། མི་སེར་ཕྱུག་འགྱུར་བཅས་ཀྱི་འཕེལ་རྒྱས་བཟང་པོ་བྱུང་ཡོད།
ལྷ་ཁུད་གྲོང་ཚོས“ཏང་འཛུགས་སྐྱོང་དང་སྐར་གསོག་ལམ་ལུགས་ཟུང་འབྲེལ”གྱི་དོ་དམ་བྱེད་སྟངས་གསར་གཏོད་དང་ཁྱབ་གདལ་བཏང་ནས“ཀུན་སྤྱོད་དངུལ་ཁང”གི་ལས་སྟེགས་བསྐྲུན་པ་དང་། “བྱ་སྤྱོད་ཀྱི་སྐར་གསོག་དང་སྐར་མ་དང་དངོས་ཟོག་བརྗེ་བའི”ལྕག་སྐུལ་ལམ་སྲོལ་བཙུགས་པ། གྲོང་མི་ཚོར་ཁོར་ཡུག་བཅོས་སྐྱོང་དང་། དང་བླངས་ཞབས་ཞུ། ཤེས་དཔལ་ལག་ལེན་སོགས་ཀྱི་ཞིབ་ཕྲའི་བྱེད་སྒོར་རང་འགུལ་ངང་ཞུགས་རྒྱུར་ཁྲིད་སྟོན་བཅས་བྱས་པས་མང་ཚོགས་ཚོ“ཟུར་ནས་ལྟ་མཁན”ནས“བདག་པོར”གྱུར་ཡོད།
ལྷ་ཁུད་གྲོང་ཚོས་མང་ཚོགས་ཀྱི་བདེ་སྡུག་ཐོག་མཐའ་བར་གསུམ་དུ་སེམས་ནང་བཞག་ནས་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམ་པོར་དམིགས་ཏེ། བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་བ་དང་། “བསྙེན་བཀུར་འདུ་འགོད། བདེ་སྐྱིད་ཟ་ཁང”དང“རྒན་གཅིག་གཞོན་གཅིག”གི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་བསྐྲུན་པ། ལོར་མང་ཚོགས་མི་ཐེངས་1100ལྷག་ཙམ་ལ་ཞབས་འདེགས་ཞུ་བ། རྐང་རྩེད་སྤོ་ལོའི་ཐང་དང་། སྤྱི་པའི་ཁྲུས་ཁང་། མྱུར་སྐྱེལ་ཚབ་ལེན་ས་ཚིགས། གྲོང་ཚོའི་འཕྲོད་བསྟེན་ཁང་སོགས་སྒྲིག་བཀོད་ཆ་ཚང་པོ་བཟོས་པས་དམངས་འཚོར་འགན་ལེན་ཐུབ་ཡོད།
རྩ་འཛུགས་ཀྱི་མཁར་རྫོང་བརྟན་པོ་ནས་ཐོན་ལས་འཕེལ་རྒྱས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པའི་བར་དང་། གྲོང་ཚོའི་སྐྱེ་ཁམས་ཀྱི་འགྱུར་ལྡོག་ནས་མི་སེར་གྱི་འཚོ་བ་བདེ་སྐྱིད་ལྡན་པའི་བར། ལྷ་ཁུད་གྲོང་ཚོས་ཏང་འཛུགས་སྐྱོང་ནི“གསར་བརྗེའི་སྒུལ་ཤུགས”དང་། བཅོས་སྐྱོང་ཡག་པོ་བྱེད་པ་དེ“རྨང་རྡོ་བརྟན་པོ” དམངས་ཕྱུག་དེ“རྩ་བའི་གནས་ཚད”བཅས་ལ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས“ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་། བཅོས་སྐྱོང་ཡག་པོས་གྲོང་ཚོ་དར་རྒྱས། ཐོན་ལས་ཀྱིས་དམངས་ཕྱུག་པོ་ཆགས་པ”བཅས་ཀྱི་དར་རྒྱས་ཀྱི་ལམ་བུར་སྐྱོད་བཞིན་ཡོད
འབྲེལ་ཡོད་གསར་འགྱུར།