དབུ་ཤོག>ཞིང་འབྲོག་གསར་པ།
  • བདེ་སྐྱིད་ཀྱིས་འཁལ་འཐག་ལག་རྩལ་ལ་བརྟེན་ནས་འཚོ་བ་གསར་པ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-26

    གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་འགྲིགས་ཤང་གནས་གྲོང་ཚོའི་སྤྱིར་བཏང་གི་ཞིང་ཁྱིམ་སྒོ་ར་ཞིག་ད་ཆ་ཉེ་རིང་གང་སར་སྐད་གྲགས་ཆོད་པའི“ཕྱུག་འགྱུར་བཟོ་ཁང”ཞིག་ཏུ་གྱུར་ཡོད། ཉིན་ལྟར་ཞོགས་པ་དེ་ག་ནས་འཁལ་འཐག་འཕྲུལ་ཆས་ཀྱི་སྒྲ་གྲགས་འོང་། བུད་མེད་20མཉམ་དུ་སྒོར་སྒོར་དུ་བསྡད་དེ་མཚོན་རིས་རྣམ་པར་བཀྲ་བའི་ཁ་གདན་དང་སྣམ་བུ་སོགས་འཐག་བཞིན་མཆིས།

    སྒོ་ར་ཆུང་ཆུང་དེའི་སྦྱིན་བདག་ནི་གནས་གྲོང་ཚོའི་ཡིད་མཐུན་མཉམ་ལས་ཁང་གི་ལས་འཛིན་ཀྲང་བདེ་སྐྱིད་ཡིན་ཞིང་། ཁོང་གིས་བྱང་ཆུབ་པའི་འཁལ་འཐག་ལག་རྩལ་ལ་བརྟེན་ནས་རང་ཁྱིམ་གྱི་སྒོ་རའི་ནང་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་བཀོད་ཅིང་ཁོང་ནི་གཞི་རིམ་བུད་མེད་ཀྱི་སྣེ་ཁྲིད་པ་ཞིག་རེད།

    2015ལོའི་སྐབས་བདེ་སྐྱིད་ནི་མི་རིགས་ལག་ཤེས་འཁལ་འཐག་གི་གྲོང་གསེབ་ཀྱི་བུད་མེད་སྤྱིར་བཏང་ཞིག་རེད། བྱང་ཆུབ་པའི་འཁལ་འཐག་ལག་རྩལ་ཡོད་རུང་སྤྱོད་ས་མེད་པ་ནི་དེ་སྔ་བདེ་སྐྱིད་དང་གྲོང་ཚོའི་བུད་མེད་མང་པོ་ཞིག་གི་དཀའ་གནད་དུ་གྱུར་ཡོད།

    2019ལོར་གོ་སྐབས་བཟང་པོ་ཞིག་རག་པ་སྟེ། ཤང་ཏང་ཨུད་དང་ཤང་སྲིད་གཞུང་དང་དེ་བཞིན་གོང་རིམ་གྱི་འབྲེལ་ཡོད་ཚན་པའི་ཤུགས་ཆེའི་རོགས་སྐྱོར་འོག བདེ་སྐྱིད་ཀྱིས་སྣེ་ཁྲིད་དེ་མཉམ་ལས་ཁང་འཛུགས་རྒྱུ་ཐག་བཅད། འོན་ཀྱང་ཐོག་མར་ལས་གཏོད་བྱེད་སྐབས་ཁོང་ཚོར་ལས་ཡུལ་འཚམ་པ་ཞིག་རྙེད་མེད། དཀའ་གནད་དེར་དམིགས་ནས་བདེ་སྐྱིད་ཀྱིས་རང་ཁྱིམ་གྱི་སྒོ་ར་སྤྱད་དེ་གསོ་སྦྱོང་དང་། ཐོན་སྐྱེད། ཐོན་རྫས་གཤོམ་ས་བཅས་གཞི་གཅིག་ཏུ་འདུས་པའི་འཁལ་འཐག་རྟེན་གཞི་སྒྱུར་བཀོད་བྱས་པར་ཡུལ་མི་ཁྱིམ་མཚེས་ཚང་མར་སེམས་འགུལ་ཆེན་པོ་ཐེབས།

    མཉམ་ལས་ཁང་བཙུགས་པ་མ་ཟད། ལས་ཡུལ་ཡང་ཡོད་མོད། འོན་ཀྱང་བདེ་སྐྱིད་ཀྱིས“སོར་རྩེའི་ལག་ཤེས”དེ“སོར་རྩེའི་དཔལ་འབྱོར”ལ་འགྱུར་བ་གཙོ་བོ་བུད་མེད་སྔར་བས་མང་བས་ལག་རྩལ་བྱང་ཆུབ་པ་སྦྱོང་དགོས་པ་གསལ་པོར་ཤེས་ཀྱི་ཡོད།

    བདེ་སྐྱིད་ཀྱིས་རང་འགུལ་ངང“གསོ་སྦྱོང་དགེ་རྒན”གྱི་འགན་ཁུར་ནས་ཁ་གདན་དང་། སྣམ་བུ། མི་རིགས་ཀྱི་གྱོན་གོས་སོགས་བསླ་སྟངས་དམར་ཁྲིད་བྱས། དང་ཐོག་མའི་སྐུད་པ་འགྲིམ་སྟངས་དང་ཚོས་གཞི་སྒྲིག་སྟངས་ནས་རི་མོ་བཀོད་སྟངས་བར་ཁོང་གིས་ངང་རྒྱུད་རིང་པོས་སློབ་ཀྱི་ཡོད། སྒོ་ར་ཆུང་ཆུང་དེའི་ནང་གྲོང་ཚོའི་ནང་གི་ཁྱིམ་འཛིན་མ་དང་ལས་ཞུགས་དཀའ་བའི་མང་ཚོགས་ཡོང་མཁན་རིམ་བཞིན་མང་དུ་སོང་།

    མིག་སྔའི་བར་མཉམ་ལས་ཁང་གིས་བུད་མེད་28བསྡུས་པས་རང་ཁྱིམ་གྱི་སྒོ་རྩ་ནས་ལས་ཞུགས་ཐུབ་ཡོད། ད་ལོ་འཁལ་འཐག་ཐོན་རྫས་སྣ་ཚོགས་བཙོངས་ཚད་280ལྷག་ཙམ་ཟིན་ནས་ཐད་ཀའི་དཔལ་འབྱོར་འབབ་འཕར་སྒོར་ཁྲི་134བྱུང་ཡོད། དེ་སྔ་ནང་ལས་ཁོ་ན་བྱས་ནས་སྡོད་མཁན་གྲོང་གསེབ་ཀྱི་བུད་མེད་ཚོས་ད་ཆ་རང་ཁྱིམ་གྱི་སྒོ་རྩ་ནས་ལག་ཤེས་ལ་བརྟེན་ནས་ཡོང་འབབ་བསགས་ཏེ་མི་སྒེར་གྱི་རིན་ཐང་དང་ཁྱིམ་ཚང་འབབ་འཕར་གཉིས་ཀ་མངོན་འགྱུར་ཐུབ་ཡོད།

    བདེ་སྐྱིད་ཀྱི་བྱང་ཆུབ་པའི་ལག་རྩལ་དང་གསར་གཏོད་ལ་སྤྱི་ཚོགས་ཀྱི་ཁས་ལེན་རྒྱ་ཁྱབ་ཐོབ་ཅིང་། 2023ལོར་ཁོང་གིས་གཞིས་རྩེ་གྲོང་ཁྱེར་གྱི“ཇོ་མོ་གླང་མའི་བཟོ་བོའི”རྩལ་ནུས་འགྲན་བསྡུར་ཆེན་པོར་འཁལ་འཐག་ལག་རྩལ་གྱི་ཨང་གསུམ་པ་བླངས་ནས་འཇོན་ཐང་ལ་བརྟེན་ཏེ་ལག་རྩལ་གྱི་ཆུ་ཚད་མངོན་པར་བྱས་ཡོད། ལོ་དེ་རང་དུ་ཁོང་སྔ་རྗེས་སུ་འགྲིགས་ཤང་གི“ཤེས་དཔལ་དུད་ཚང”གི་ཕྱུག་འགྱུར་སྣེ་ཁྲིད་པར་བདམས་པ་རེད།

    བདེ་སྐྱིད་ཀྱིས་བྱང་ཆུབ་པའི་ལག་རྩལ་ལ་བརྟེན་ནས་མཚོན་རིས་རྣམ་པར་བཀྲ་བའི་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་འཐག་པ་མ་ཟད། ད་དུང་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་ཡང་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།