རྩལ་ནུས་གསོ་སྦྱོང་ལ་བརྟེན་ནས་རྨང་གཞི་བརྟན་དུ་བཏང་བས་མང་ཚོགས་འབབ་འཕར་གྱི་གདེང་ཚོད་འཕེལ་བ།
—— མངའ་རིས་ས་ཁུལ་གྱི་2026ལོའི་བྱང་ཚད་མཐོ་བའི་ཞིང་འབྲོག་པ་གསོ་སྦྱོང་བྱེད་སྒོའི་སྐོར་བཀོད་པ།
ཉིན་ཤས་བསྟུད་མར་མངའ་རིས་ས་ཁུལ་ཞང་ཞུང་གསོལ་མགྲོན་ཁང་གི་ཚོགས་ཁང་མི་ཚོགས་ཀྱིས་ཁེངས་ཤིང་། སྤུས་ལེགས་གཟན་རྩྭའི་ཚོད་ལྟའི་རྟེན་གཞི་དང་ཐོན་ལས་གླིང་ཁུལ་གྱི་ཞིང་ནང་དུ་འཁྲུག་ཆ་ཤིན་ཏུ་དོད། མངའ་རིས་ས་ཁུལ་ཞིང་ལས་གྲོང་གསེབ་ཅུས་ཀྱིས་ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་སྒྲིག་འཛུགས་བྱས་ནས་ས་ཁུལ་ཡོངས་ཀྱི་རྫོང་7གྱི་ཞིང་འབྲོག་རྐང་འཛིན་པ་དང་ཕྱུག་འགྱུར་སྣེ་ཁྲིད་པ་70ལ་ཞིང་འབྲོག་འདེབས་གསོའི་རྩལ་ནུས་གསོ་སྦྱོང་བྱས་པ་དང་ཚང་མས་ཞིང་ལས་ལག་རྩལ་འཆད་ཁྲིད་དགེ་རྒན་གྱི་ཕྱོགས་ནས་སློབ་སྦྱོང་བྱས་ཏེ་འབབ་འཕར་གྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཡོད།
“དུས་ཡུན་རིང་པོའི་ནང་སྲོལ་རྒྱུན་གྱི་འདེབས་གསོ་བྱེད་སྟངས་དང་ཐོན་སྐྱེད་ལག་རྩལ་རྗེས་ལུས་ཡིན་པའི་ཁར། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ནུས་པ་མི་འདང་བ་དང་གནོད་འཚེར་ཁ་གཏད་གཅོག་པའི་ནུས་པ་ཞན་པ་བཅས་ཀྱི་གནད་དོན་དེ་དག་གིས་ཐོག་མཐའ་བར་གསུམ་དུ་ཞིང་འབྲོག་པའི་འབབ་འཕར་ལ་ཚོད་འཛིན་བཟོ་གི་ཡོད”ཅེས་མངའ་རིས་ས་ཁུལ་ཞིང་ལས་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཅ་ཕེང་གིས་བཤད།
འཕེལ་རྒྱས་ཀྱི་དཀའ་གནད་དེ་དག་ལས་ཞིང་འབྲོག་མང་ཚོགས་ཀྱི་རེ་སྒུག་དེ་བས་ཁ་ཚ་དགོས་གཏུགས་སུ་གྱུར་པ་དང་གནད་སྨིན་གོ་ཆོད་ཀྱི་རྩལ་ནུས་གསོ་སྦྱོང་དེ་གནད་དོན་ཐག་གཅོད་བྱེད་པའི་འགག་རྩར་གྱུར་ཡོད། ཉེ་ཆར། དུས་ཡུན་ཉིན་5ཡི་མངའ་རིས་ས་ཁུལ་གྱི་2026ལོའི་བྱང་ཚད་མཐོ་བའི་ཞིང་འབྲོག་པའི་གསོ་སྦྱོང་འཛིན་གྲྭ་དུས་བཀག་ལྟར་སློབ་འགོ་ཚུགས་པ་རེད།
“ད་ཐེངས་ཀྱི་གསོ་སྦྱོང་ལ་ང་ཚོས་མངའ་རིས་སུ་གཞི་ཚུགས་པ་དང་ཡུལ་དེ་གའི་འདེབས་གསོའི་ལས་དོན་དངོས་ལ་རྒྱུས་མངའ་ཆེ་བའི་ཞིང་འབྲོག་ལས་ཀྱི་ཆེད་ལས་གཙོ་ཁྲིད་དགེ་རྒན་གདན་དྲངས་ཏེ་རྫོང་7གྱི་ས་ཁོངས་མི་འདྲ་བའི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་ཡུལ་བབ་དང་བསྟུན་ནས་སློབ་ཚན་གྱི་ནང་དོན་བཀོད་སྒྲིག་བྱས་ཡོད། ཕྱོགས་གཅིག་ནས་འབྲུ་སྣུམ་གྱི་སྣ་ཁ་གསར་པ་དང་། ལག་རྩལ་གསར་པ། སྒྲིག་ཆས་གསར་པ་བཅས་ཀྱི་བཀོལ་སྤྱོད་ཁྱབ་གདལ་བཏང་སྟེ། ཞིང་བཟང་དང་། སོན་བཟང་། ཐབས་བཟང་། འཕྲུལ་བཟང་བཅས་མཉམ་འདྲེས་གཏིང་ཟབ་ཐུབ་པར་སྐུལ་འདེད་དང་། ཕྱོགས་གཞན་ཞིག་ནས་དུས་གཅིག་ཏུ་མཐོ་གྲང་འབྲོག་ཁུལ་གྱི་མི་ཐབས་རྩྭ་འདེབས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ལག་རྩལ་གསོ་སྦྱོང་བྱས་ཏེ་གཞི་རིམ་གྱི་ཞིང་འབྲོག་པའི་ཐོན་སྐྱེད་ལག་རྩལ་གྱི་རྩལ་ནུས་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ་ཡིན”ཞེས་ཝང་ཅ་ཕེང་གིས་ངོ་སྤྲོད་བྱས།
“དགེ་རྒན་གྱིས་འཆད་ཁྲིད་བྱས་པའི་ས་མཐོའི་མི་ཐབས་རྩྭ་འདེབས་ལག་རྩལ་གྱི་འགག་གནད་དེས་ང་ཚོའི་རྩྭ་འདེབས་རྟེན་གཞིའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་ཐུབ་སོང་། ནང་དོན་ཚང་མ་མང་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པའི་གོ་ཆོད་རྩལ་ནུས་ཤ་སྟག་རེད་འདུག”ཅེས་དགེ་རྒྱས་རྫོང་ཚྭ་ཁ་ཤང་བྱང་སྨད་གྲོང་ཚོའི་གསོ་སྦྱོང་ལ་ཞུགས་མཁན་སློབ་མ་བསྟན་འཛིན་གྱིས་བཤད། ཁོང་གིས། སློབ་ཚན་ནན་ཏན་ངང་ཉན་པ་དང་སློབ་སྦྱོང་གི་ནང་དོན་གཙོ་བོ་ཟིན་བྲིས་ཞིབ་ཚགས་བརྒྱབ་ཅིང་། དེ་ནི་དངོས་གནས་ཞིང་འབྲོག་པའི་དགོས་མཁོ་དང་འཚམ་པའི་གསོ་སྦྱོང་ཡག་པོ་ཞིག་རེད་འདུག་ཅེས་བཤད།
གཞན་ཡང་། ད་ཐེངས་ཀྱི་གསོ་སྦྱོང་གི་ཁྱད་ཆོས་གཙོ་བོ་ནི“རིགས་པའི་གཞུང་ལུགས་ཀྱི་སློབ་ཁྲིད་དང་ཞིང་ནང་གི་བཀོལ་སྤྱོད་དངོས”ཟུང་འབྲེལ་བྱས་ཏེ་སློབ་ཁང་གཟན་རྩྭའི་རྟེན་གཞི་དང་ཐོན་ལས་གླིང་ཁུལ་གྱི་འཐབ་ས་དང་པོར་སྤོས་ནས། རྩལ་ནུས་སློབ་སྦྱོང་དེ་བས་མངོན་སུམ་དང་དེ་བས་ནུས་ཆེ་ཡོང་བར་བྱས་པ་དེ་རེད།
སྤུས་ལེགས་གཟན་རྩྭའི་ཚོད་ལྟའི་རྟེན་གཞིར་བཀོལ་སྤྱོད་དངོས་ཀྱི་སློབ་ཚན་ཚ་ཚ་འུར་འུར་ངང་འཁྲིད་བཞིན་ཡོད་ཅིང་། གཙོ་ཁྲིད་དགེ་རྒན་ཚེ་རིང་རྒྱལ་པོས་ཞིང་ནང་དུ་གཟན་རྩྭ་སྣོལ་འདེབས་དང་ཆུ་ལུད་དོ་དམ་སོགས་ཀྱི་ལག་རྩལ་གཙོ་བོ་དཔེ་སྟོན་བྱས་པར་སློབ་མ་ཚོས་ཁོང་ལ་བསྐོར་ནས་སློབ་སྦྱོང་ནན་ཏན་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་གཙོ་ཁྲིད་དགེ་རྒན་བཀྲ་ཤིས་ཕུན་ཚོགས་ཀྱིས་ཞིང་འཕྲུལ་ཡོ་བྱད་ཀྱི་སྙོམས་སྒྲིག་ཚོད་ལྟ་དང་ཉམས་གསོ་བྱེད་སྟངས་ཞིབ་ཚགས་ངང་འགྲེལ་བཤད་བརྒྱབ་པར་སློབ་མ་ཚོས་བློ་རྩེ་གཅིག་སྒྲིམ་ངང་ཉན་བཞིན་འདུག
དེ་རྗེས་ཀྱི་ཉིན་ཤས་ནང་ཕྱུགས་རིགས་ཀྱི་རྒྱུན་མཐོང་རིམས་ནད་སྔོན་འགོག་ཚོད་འཛིན་དང་། ཕྱུགས་སྨན་ཚད་ལྡན་ངང་སྤྱོད་པ། རིམས་འགོག་སྨན་ཁབ་རྒྱག་པ། ས་རྒྱུ་ལེགས་གཏོང་སོགས་ཀྱི་བཀོལ་སྤྱོད་དངོས་ཀྱི་སློབ་ཚན་རེས་མོས་ངང་འཚོགས་ཡོད། སློབ་མ་ཚོས་བཀོལ་སྤྱོད་དངོས་དང་ས་གནས་ས་ཐོག་ཏུ་ནང་སྦྱོང་བྱས་ཏེ་ལག་རྩལ་གྱི་གཙོ་གནད་ཁོང་དུ་ཆུད་ནས་ལག་ལེན་ཐོག་འཁྱོལ་བར་བྱེད་ཀྱི་ཡོད། སློབ་གསེང་སྐབས་སློབ་མ་ཚོས་མཉམ་དུ་བསྡད་ནས་འདེབས་གསོའི་ཉམས་མྱོང་སྤེལ་རེས་དང་ཕན་ཚུན་རོགས་རམ་དང་སློབ་སྦྱོང་བྱས་ཏེ་མཉམ་དུ་རྩལ་ནུས་གོང་མཐོར་གཏོང་གི་ཡོད།
དུས་ཡུན་ཉིན་5ཡི་གསོ་སྦྱོང་ལས་སློབ་མ་ཚོར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཅིང་། ཁོང་ཚོས་ཚན་རིག་འདེབས་གསོའི་གོ་ཆོད་རྩལ་ནུས་ཁོང་དུ་ཆུད་པ་མ་ཟད། སྲོལ་རྒྱུན་གྱི་ཐོན་སྐྱེད་འདུ་ཤེས་ལའང་འགྱུར་ལྡོག་ཕྱིན་ཡོད།
“སློབ་མཇུག་འགྲིལ་བ་ནི་མཐའ་ཚུགས་ཤིག་མིན། རྗེས་སུ་ང་ཚོས་རྗེས་སྙེག་ཞབས་ཞུ་མུ་མཐུད་ཡག་པོ་བསྒྲུབས་ནས་ལག་རྩལ་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་སྟེ།‘སྐྱེད་སྲིང་དང་། བེད་སྤྱོད། སྐུལ་ཁྲིད’བཅས་ཟུང་འབྲེལ་གྱི་གཞི་གཅིག་ཅན་གྱི་སྐྱེད་སྲིང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་མ་ཟད། ཞིང་འབྲོག་པའི་ཐོན་སྐྱེད་ཀྱི་དགོས་མཁོར་དམ་པོར་དམིགས་ཏེ། རྒྱུན་རྣམ་ཅན་གྱི་སྒོ་ནས་གནད་སྨིན་དངོས་སྒྲུབ་ཀྱི་རྩལ་ནུས་གསོ་སྦྱོང་བྱས་ཏེ་ལག་རྩལ་ཤེས་པ་དང་། གཉེར་སྐྱོང་མཁས་པ། དོ་དམ་ཐུབ་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཞིང་འབྲོག་པའི་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བྱེད་ཀྱི་ཡིན”ཞེས་ཝང་ཅ་ཕེང་གིས་བཤད།
འབྲེལ་ཡོད་གསར་འགྱུར།