ས་མཐོའི་ལྷད་མེད་སྔོ་ཚོད་ལ་མང་ཚོགས་ཀྱིས་དགའ་པོ་བྱེད་པ།
དཔྱིད་དཔལ་རབ་ཏུ་བཞད་ནས་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བའི་དུས་འདིར་ལྷ་སའི་ཁྲོམ་གཞུང་གང་སར་ཚོང་པས་ཟྭ་ཚོད་དང་གོ་རྙོད་སོས་པ་འཚོང་བཞིན་ཡོད་ཅིང་། ནམ་དུས་འདིའི་ཟས་མཆོག་ཟྭ་ཚོད་དང་གོ་རྙོད་ལ་ཕན་ནུས་ཆེན་པོ་ལྡན་ཡོད་པས། ས་གནས་དེ་གའི་མང་ཚོགས་ཀྱིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།
གྲོང་ཁུལ་གྱི་གནས་སྐབས་ཁྲོམ་བཀྱག་མང་པོར་ཟྭ་ཚོད་དང་གོ་རྙོད་བཏོན་ཡོད་ཅིང་། དེ་དག་ཚང་མ་ཉིན་དེ་རང་ལ་རི་ཁྲོད་ནས་བཏུས་པས་སོས་པོ་ཡོད་ལ། གོང་ཚད་ཀྱང་འཚམ་པོ་ཡོད།
“ལོ་རེའི་དཔྱིད་དུས་སུ་ངས་ཟྭ་ཚོད་དང་གོ་རྙོད་ཉོ་གི་ཡོད། འདི་ཚོ་ང་ཚོ་ཆུང་དུས་ནས་ཟ་བའི་ཞིམ་ཟས་ཤིག་རེད”ཅེས་སྔོ་ཚལ་ཉོ་བཞིན་པའི་གྲོང་མི་སྒྲོལ་དཀར་གྱིས་གསར་འགོད་པར་བརྗོད་པ་དང་། ཁོང་གིས། དཔྱིད་དུས་སུ་ཟྭ་ཚོད་དང་གོ་རྙོད་ཟ་བ་ནི་ང་ཚོའི་གོམས་སྲོལ་ཞིག་རེད། དྲོད་ཁང་ཆེ་མོའི་སྔོ་ཚལ་དང་བསྡུར་ན་རི་སྐྱེས་ཀྱི་ཟྭ་ཚོད་དང་གོ་རྙོད་ནི་ལྷད་མེད་བཟའ་བཅའ་ཡིན་པས། ཟ་དུས་བློ་བདེ་པོ་འདུག སྔོ་ཚོད་འདི་གཉིས་ཐུག་པ་བསྐོལ་བའམ་རྔོ་བ་སོགས་ཟ་སྟངས་མང་པོ་ཡོད་ལ། བྲོ་བ་ཞིམ་པའི་ཁར་བཅུད་ཆེ་བས་རྒན་གཞོན་ཚང་མས་དགའ་པོ་བྱེད་ཀྱི་ཡོད་ཅེས་བརྗོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཟྭ་ཚོད་དང་གོ་རྙོད་ནི་བོད་ཡུལ་གྱི་ས་ཆ་མང་ཆེ་བའི་རི་ཐང་མཚམས་དང་། གྲོང་ཚོའི་ཉེ་འཁོར། ལམ་ཟུར། མཚེར་ནག ཀླུང་ཤོད། ཆུ་ཁའི་སྤང་སྟེང་སོགས་སུ་སྐྱེ་བའི་སྔོ་ཚོད་ཅིག་ཡིན་ལ། ཟས་སྨན་གཉིས་ཀར་སྤྱོད་ཅིང་། ཀུན་གྱིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།
གྲོང་མིར་ཚན་རིག་དང་མཐུན་པའི་རི་སྐྱེས་སྔོ་ཚལ་ཟ་སྟངས་སློབ་ཆེད། གསར་འགོད་པས་ཆེད་མངགས་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་ཐ་མལ་ནད་མེད་སྡེ་ཁག་གི་འབུམ་གཞོན་སྨན་པ་སྐལ་ལྡན་ཉི་མ་ལགས་ལ་བཅར་འདྲི་ཞུས་པ་ཡིན། ཁོང་གིས། ཟ་ཚོད་དང་གོ་རྙོད་ནི་གནའ་སྔ་མོའི་དུས་ནས་བོད་མི་རིགས་ཀྱི་འཚོ་བའི་ཁྲོད་དུ་དར་ཡོད། བོད་མིས་ཟ་ཚོད་དང་གོ་རྙོད་ལོངས་སུ་སྤྱད་ནས་ད་བར་ཉུང་མཐར་ལོ་ངོ་དགུ་བརྒྱ་ལ་ཉེ་བའི་ལོ་རྒྱུས་ལྡན་ཡོད། ས་མཐོའི་དཔྱིད་དུས་ཀྱི་གནམ་གཤིས་ད་དུང་སྐམ་ཤས་ཆེ་ཙམ་ཡོད་པས་ཟྭ་ཚོད་དང་གོ་རྙོད་འོས་འཚམ་བཟས་ཚེ་གཟུགས་གཞི་བདེ་ཐང་ལ་ཕན་པ་ཡོད། གཡོས་སུ་བྱས་པའི་ཟ་ཚོད་དེས་གཙོ་བོ་ཕོ་བའི་མེ་དྲོད་གསོ་བ་དང་རླུང་འཇོམས་པར་བྱེད། གོ་རྙོད་ཀྱིས་མིག་གི་དབང་པོར་ཕན་པ་ཧ་ཅང་ཆེན་པོ་ཡོད། འོན་ཀྱང་ཟ་བ་ཐལ་ཚེ་བད་མཁྲིས་དང་ཁྲག་ནད་སློང་བ་མ་ཟད། སྐད་འགག་པ་སོགས་བྱེད་ཀྱི་ཡོད། ད་དུང་དེ་གཉིས་ནི་དུས་བཏུས་ཀྱི་ཟས་རིགས་ཤིག་ཡིན་པས་གསར་པ་གཡོས་སྦྱོར་རན་པར་བྱས་ལ་བསྟེན་མཁན་གང་ཟག་གི་རང་བཞིན་དང་། མེ་དྲོད་ལ་གཞིགས་ཏེ་ཐེངས་གཉིས་ནས་གསུམ་བར་དུས་ཟས་ཀྱི་ཚུལ་དུ་བསྟེན་པ་ལས་རྒྱུན་ཟས་ལྟ་བུ་བྱེད་མི་རུང་བས་རྒྱུན་དུ་ཟྭ་ཚོད་དང་གོ་རྙོད་རན་པ་ཟ་དགོས་ཞེས་ངོ་སྤྲོད་གནང་བ་རེད།
ཁྲོམ་གཞུང་གང་སར་མཐོང་རྒྱུ་ཡོད་པའི་ཟྭ་ཚོད་དང་གོ་རྙོད་ནི་སྤྱིར་བཏང་གི་སྔོ་ཚལ་ཞིག་གཏན་ནས་མིན་པར། ས་མཐོའི་གནམ་གཤིས་དང་འཚམ་པ་དང་བོད་ལུགས་གསོ་རིག་གི་གཞུང་དུ་བསྟན་པའི་ཟས་སྨན་གཉིས་ཀར་སྤྱོད་པའི་སྔོ་སྨན་ཁྱད་དུ་འཕགས་པ་ཞིག་ཡིན་ཞིང་། འདི་ལས་མང་ཚོགས་ཀྱི་ཟས་རིགས་དེ་བས་ཕུན་སུམ་ཚོགས་སུ་ཕྱིན་ཡོད་ལ། དུས་ཚིགས་དང་བསྟུན་པ་དང་གནོད་མེད་ལུས་གསོར་མཐོང་ཆེན་བྱེད་པའི་གྲོང་མིའི་འདུ་ཤེས་དེ་བས་ཟབ་ཏུ་ཕྱིན་པ་ཡང་མངོན་ཡོད།
(གསར་འགོད་པ། ཚེ་རིང་བུ་ཁྲིད། སྤེན་པ། ཚེ་ཁོ། བཀྲ་ཤིས་སྒྲོལ་མ)
འབྲེལ་ཡོད་གསར་འགྱུར།