གཅེས་སེམས་འོ་རྩམ་དམངས་ཀྱི་སྒོ་རྩར་བསྐྱལ། ལྷད་མེད་བརྩེ་བས་སེམས་ཀྱི་ཞིང་ས་བརླན།
བྲག་ནག་གྲོང་རྡལ་མཚོ་ནག་སྡེ་ཁུལ་གྱི་ཕྲུ་གུར་འཚོ་བཅུད་ཁ་གསབ་ཀྱི་འོ་རྩམ་སྤྲད་པའི་སྐོར་བཀོད་པ།

འདི་ནི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་མང་ཚོགས་ལ་འོ་རྩམ་སྤྲོད་བཞིན་པ།
ཟླ་5ཚེས་12ཉིན་གྱི་ཕྱི་དྲོ། ནམ་མཁའ་གཡའ་དག་ཅིང་། གནམ་གཤིས་དྲོ་གྲང་ཤིན་ཏུ་སྙོམས། བྲག་ནག་གྲོང་རྡལ་མཚོ་ནག་སྡེ་ཁུལ་གྱི་གྲོང་མི་ཨུ་ལྷན་དུ་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། ཁོངས་གཏོགས་ཁུལ་གྱི་འབྲོག་པ་མང་ཚོགས་ཀྱིས་རང་ཉིད་ཀྱི་ཕྲུ་གུ་ཁྲིད་ནས་སྡེ་ཁུལ་གྱི་བྱེད་སྒོ་ཁང་དུ་འཛོམས་ཏེ། འཚོ་བཅུད་ཁ་གསབ་ཀྱི་གཅེས་སེམས་མཚོན་པའི་འོ་རྩམ་སྤྲོད་པའི་བྱེད་སྒོ་སྤེལ་རྒྱུ་སྒུག་ནས་བསྡད་ཡོད་ཅིང་། ས་ཡུལ་དངོས་ཀྱི་མང་ཚོགས་ཚོའི་ངོ་གདོང་ལས་འཛུམ་མདངས་རབ་ཏུ་འཕྱུར།
“ངའི་ཕྲུ་གུ་ལོ་གཅིག་དང་ཟླ་བ་བརྒྱད་རེད། ད་རེས་ཏག་ཏག་འོ་རྩམ་འདི་རག་པའི་ཆ་རྐྱེན་དང་མཐུན་པས་སེམས་པ་སྐྱིད་པོ་འདུག”ཅེས་ལོ་28ལ་སླེབས་པའི་འབྲོག་མོ་བསམ་སྐྱིད་ཀྱིས་ཕྲུ་གུ་པང་དུ་བཏབ་སྟེ་རེ་སྒུག་གིས་ཁེངས་བཞིན་བཤད།
གྲོང་མི་ཨུ་ལྷན་གྱི་བྱེད་སྒོ་ཁང་དུ། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་དང་སྡེ་ཁུལ་གྱི་འགན་འཁུར་བས་ཕྲུ་གུའི་ཆ་འཕྲིན་ལ་རེ་རེ་བཞིན་ཞིབ་བསྡུར་བྱས་རྗེས་ཆ་རྐྱེན་འཛོམས་པའི་ཕྲུ་གུའི་ཆ་འཕྲིན་ཟིན་ཐོར་བཀོད་པ་དང་། ཕྲུ་གུའི་ལོ་ཚད་ལ་གཞིགས་ནས་ཕྲུ་གུ་རེར་འོ་རྩམ་ལྕགས་ཀྲིན་གཉིས་ནས་ལྔ་བར་སྤྲད་པ་རེད།
“ཨ་ཅག འོ་རྩམ་དེ་ལོ་གཅིག་ནས་གསུམ་བར་གྱི་ཕྲུ་གུའི་འཚོ་བཅུད་ཁ་གསབ་རེད། ཉིན་རེར་ཐེངས་གསུམ་ནས་བཞི་བར་སྟེར་ཆོག སྟེར་དུས་ཆུ་དྲོད་འཇམ་ནང་སྦོང་དགོས་པ་དང་དུས་ཚོད་རིང་པོ་འཇོག་རྒྱུ་མེད”ཅེས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་ཚོས་མང་ཚོགས་ལ་འོ་རྩམ་སྤྲོད་ཞོར་དུ་སྟེར་སྟངས་དང་དོ་སྣང་བྱེད་དགོས་པའི་དོན་གནད་ངང་རྒྱུད་རིང་པོས་འགྲེལ་བཤད་བརྒྱབ་པ་རེད།
འོ་རྩམ་སྤྲོད་ཡུལ་དུ་སྒྲིག་ལམ་ལེགས་པ་དང་ཁོ་ར་ཁོར་ཡུག་ཀུན་ཏུ་དགའ་སྤྲོའི་རྣམ་པས་ཁེངས། “དུད་ཚང་དང་ཕྲུ་གུ་གཅིག་ཀྱང་མི་ལུས་པ”བྱེད་པའི་རྩ་དོན་གཞིར་བཟུང་། དེ་ཉིན་མཚོ་ནག་སྡེ་ཁུལ་ཁོངས་གཏོགས་ཀྱི་ཆ་རྐྱེན་དང་མཐུན་པའི་ཕྲུ་གུར་འཚོ་བཅུད་ཁ་གསབ་ཀྱི་འོ་རྩམ་རིན་པ་མི་དགོས་པར་སྤྲད་པ་དང་། འཚོ་བཅུད་ཁ་གསབ་ཀྱི་འོ་རྩམ་དེ་དག་ནི་གྲོང་ཚོར་བཅའ་སྡོད་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་ལས་དོན་རུ་ཁག་ཁག་བཅོ་ལྔ་པའི་མཐུན་སྦྱོར་དང་བརྩོན་ལེན་འོག རང་སྐྱོང་ལྗོངས་མ་བུ་བདེ་སྲུང་མཐུན་ཚོགས་ཀྱིས་ཞལ་འདེབས་བརྒྱབ་པ་ཞིག་ཡིན་ཞིང་། ཁྱོན་འོ་རྩམ་ལྕགས་ཀྲིན་138ཡོད་པ་རེད།
འབྲོག་མོ་སྐལ་བཟང་བདེ་ཆེན་གྱིས་འོ་རྩམ་ལྕགས་ཀྲིན་ངོས་སུ་འཁོད་པའི་འཚོ་བཅུད་གསལ་བཤད་ལ་ཞིབ་ཕྲ་བལྟས་རྗེས། “ངའི་ཕྲུ་གུ་གཅིག་རྐན་ཤོ་ཡིན་པས་ཨ་མའི་འོ་མ་འཐུང་ཐུབ་ཀྱི་མི་འདུག སྐྱེས་པ་ནས་ད་བར་འོ་རྩམ་ཁོ་ན་སྟེར་པ་ཡིན། འོ་རྩམ་ལྕགས་ཀྲིན་རེ་ལ་སྒོར་བརྒྱ་ཕྲག་གནས་ཀྱི་འདུག ད་ཐེངས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་འཚོ་བཅུད་ཁ་གསབ་ཀྱི་འོ་རྩམ་ཁྱིམ་གྱི་སྒོ་རྩར་བསྐྱལ་བ་མ་ཟད། ད་དུང་རིན་པ་ཡང་སྤྲོད་དགོས་ཀྱི་མི་འདུག སེམས་ནད་ཆེན་པོ་ཞིག་བསལ་སོང”ཞེས་བཤད། ས་ཡུལ་དངོས་སུ་སླེབས་པའི་མང་ཚོགས་མི་ཉུང་བ་ཞིག་གིས་འོ་རྩམ་ལྕགས་ཀྲིན་གཅིག་གིས་གཟའ་འཁོར་གཅིག་ལྷག་ཙམ་འདང་ན། ཟླ་བ་གཅིག་ལ་འོ་རྩམ་ཁོ་ན་ནས་འགྲོ་སོང་སྒོར་སྟོང་ཕྲག་གྲོན་ཆུང་ཐུབ་ཀྱི་རེད་ཅེས་བཤད།
བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅོ་ལྔ་པ་ད་ལོའི་ཟླ་ལྔ་པར་དངོས་སུ་མཚོ་ནག་སྡེ་ཁུལ་དུ་བཅའ་སྡོད་བྱས་རྗེས། སྡེ་ཁུལ་གྱི་འགོ་ཁྲིད་དང་། ཚོགས་ཆུང་གི་ཙུའུ་ཀྲང་། དེ་བཞིན་མང་ཚོགས་བཅས་ནས་ཤེས་རྟོགས་བྱུང་བ་ལྟར་ན། སྡེ་ཁུལ་མང་ཚོགས་ཀྱི་འཚོ་བའི་འགྲོ་སོང་ཁྲོད་ནས། ཕྲུ་གུའི་འོ་རྩམ་གྱི་འགྲོ་སོང་ཅུང་ཆེ་ཙམ་ཡོད་པ་དང་། ཁྱིམ་ཚང་འགའ་རེར་ཡོང་འབབ་དེ་ཙམ་མེད་སྟབས། ཕྲུ་གུའི་འོ་རྩམ་གྱི་ཚད་གཞི་དམའ་རུ་གཏོང་དགོས་ཀྱི་ཡོད་པ་རེད། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་དོན་དག་དེ་དམངས་འདུན་ཟིན་བྲིས་དེབ་ནང་བཀོད།
དེ་རྗེས་ལས་དོན་རུ་ཁག་གིས་ཕྱོགས་མང་པོ་དང་འབྲེལ་གཏུག་བྱས་མཐར་བོད་རང་སྐྱོང་ལྗོངས་མ་བུ་བདེ་སྲུང་མཐུན་ཚོགས་ནས་གཅེས་སེམས་འོ་རྩམ་ཁག་གཅིག་ཞལ་འདེབས་རག་པ་རེད། འོ་རྩམ་རེ་ཞུ་ནས་རླངས་འཁོར་མཐུན་སྦྱོར་བྱེད་པའི་བར་དང་། དེ་ནས་འོ་རྩམ་སྤྲོད་ལུགས་སྤྲོད་སྟངས་ཀྱི་ཇུས་གཞི་བཟོ་བ་ནས་མི་སྣ་སྒྲིག་འཛུགས་བྱེད་པའི་བར། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་སྡེ་ཁུལ་གྱི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་ཕན་ཚུན་གཞོགས་འདེགས་ཧུར་ཐག་བྱས་ཏེ་གཅེས་སེམས་འོ་རྩམ་ལྕགས་ཀྲིན་ཚང་མ་དགོས་མཁོ་ཆེ་ཤོས་ཀྱི་ཕྲུ་གུའི་ལག་ཏུ་སྤྲོད་ཐུབ་པར་བྱས་པ་རེད།
དགུང་ལོ་དྲུག་ཅུ་ལྷག་ཙམ་ལ་སླེབས་པའི་ཏང་ཡོན་རྒན་གྲས་ནོར་རྡོས་ལས་དོན་རུ་ཁག་གི་རུ་མི་ཚོ་འོ་རྩམ་སྤྲད་ཚར་བ་མཐོང་འཕྲལ། ལྟོ་ཕད་ནས་ཁ་བཏགས་དཀར་པོ་གསུམ་བཏོན་ཏེ་ལས་དོན་མི་སྣའི་ཕྱོགས་སུ་ག་ལེར་སོང་། “ཁྱེད་ཚོས་བྱེད་སྒོ་དེ་རིགས་སྤེལ་བས་དངོས་གནས་སེམས་འགུལ་ཆེན་པོ་ཐེབས་བྱུང”ཞེས་ཤོད་ཀྱིན་ལས་དོན་རུ་མིར་ཁ་བཏགས་རེ་གཡོགས་པ་དང་། ཁོང་ཚོའི་ལག་ནས་དམ་པོར་འཇུས་ཏེ“ང་ཏང་ལ་ཞུགས་ནས་ལོ་30ཙམ་འགྲོ་གི་འདུག ཁྱེད་ཚོས་མང་ཚོགས་ལ་ཁ་ཡོད་ལག་ཡོད་ཀྱི་བྱ་བཟང་འདི་འདྲ་བསྒྲུབས་པར་ངས་ཐུགས་རྗེ་ཆེ་ཞུ་གི་ཡིན། མ་འོངས་ལོ་ཟླའི་ནང་། ཁྱེད་ཚོས་དམངས་ཕན་གྱི་བྱེད་སྒོ་འདི་རིགས་མང་ཙམ་སྤེལ་རྒྱུའི་རེ་བ་ཡོད་ལ། གྲོང་ཚོར་དགོས་མཁོ་ཡོད་ན། ངས་རང་ནུས་ཡོད་རྒུ་འདོན་གྱི་ཡིན”ཞེས་བཤད།
སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་གནམ་གང་གིས“བགྲེས་སོང་ནོར་རྡོ་ནི་ང་ཚོའི་སྡེ་ཁུལ་གྱི་ཏང་ཡོན་རྒན་གྲས་ཡིན་པ་མ་ཟད། ཀུན་གྱི་མིག་དཔེ་ཡང་རེད། ཁ་བཏགས་དེ་ནི་ཁོང་གཅིག་པུའི་བསམ་འདུན་མ་ཡིན་པར། ད་དུང་སྡེ་ཁུལ་མང་ཚོགས་ཀྱིས་ང་ཚོར་ཁས་ལེན་གང་ལེགས་བྱས་པ་མཚོན་གྱི་ཡོད”ཅེས་བཤད།
མ་གཞི་འོ་རྩམ་ལྕགས་ཀྲིན་གཅིག་གིས་གཟའ་འཁོར་གཅིག་ཙམ་ལས་འདང་གི་མེད་མོད། འོན་ཀྱང་བྱ་སྤྱོད་ཆུང་ཆུང་འདིས་མི་སེམས་ལ་དྲོ་སྐྱིད་ཆེན་པོ་སྦྱིན་ཡོད་ལ། དམངས་ཀྱི་བློ་ཁ་གཅིག་ལ་ཕྱོགས་ཐུབ་པ་བྱུང་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་ནི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ”པའི་བྱེད་སྒོ་ལག་ལེན་གཏིང་ཟབ་བསྟར་བ་ཞིག་རེད་ལ། སྤྱི་ཚོགས་ཀྱི་སྤྱི་ཕན་སྟོབས་ཤུགས་ཀྱིས་གཞི་རིམ་གྱི་མ་བུའི་བདེ་ཐང་ལ་སེམས་ཁུར་བྱས་པ་ཞིག་དེ་བས་རེད། བྱེད་སྒོ་དེས་མང་ཚོགས་ཀྱི་འཚོ་བའི་ཁུར་པོ་ཡང་དུ་བཏང་བ་མ་ཟད། ཕྲུ་གུའི་འཚོ་བཅུད་ལེགས་སུ་འགྲོ་ངེས་དང་གཞི་རིམ་ཏང་རྩ་འཛུགས་དང་མང་ཚོགས་དབར་གྱི་འབྲེལ་བ་མུ་མཐུད་ཟབ་ཏུ་འགྲོ་ངེས་རེད།
གོམ་སྟབས་རྗེས་མར། མཚོ་ནག་སྡེ་ཁུལ་གྱི“ཨུ་ལྷན་གཉིས”དང་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་མུ་མཐུད་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ལ་དམིགས་ཏེ། དམངས་ཕན་བྱེད་སྒོ་དེ་རིགས་གང་མང་སྤེལ་ནས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཞིང་འབྲོག་མང་ཚོགས་ཚང་མས་ཚོར་ཐུབ་པ་བྱ་རྒྱུ་དང་བྱ་སྤྱོད་དངོས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་ནུས་ཤུགས་འདོན་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།