ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་ཆུ་མཁོ་འདོན་སྤུས་འབྲས་ལེགས་གཉེར་ཡོང་བར་རྒྱུན་མཐུད་སྐུལ་འདེད་བཏང་སྟེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ“ཆུའི་སྒུལ་ཤུགས”རྒྱུན་ཆད་མེད་པར་བསྣན་པ།
“ཆུ་འགོ”ནས“ཆུ་ཀ་ལའི”བར་ལྟ་སྲུང་ཡག་པོ་བྱས་པ།
ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་ཁེ་གསུམ་སྡེ་ཁུལ་གྱི་ཡུལ་མིས་གཉེར་བའི་ཕིང་བཟོ་གྲྭའི་ནང་། དྭངས་ཤིང་གཙང་བའི་ཆུ་ཀ་ལ་ཤག་ཤག་ཏུ་བབས་ཤིང་། གཙང་མར་བཀྲུས་པའི་སྲན་ནག་ཕྱེ་མར་འཐག་པ་དང་བཙོ་བ་སོགས་ལས་རིམ་ཚང་མར་ཆུ་མང་པོ་དགོས་ཀྱི་ཡོད། “ག་དུས་ཡིན་ཡང་ཆུ་གཙང་མ་བེད་སྤྱོད་གཏོང་རྒྱུ་ཡོད་པས། ཕིང་གི་སྤུས་ཚད་ལ་འགན་ལེན་ཐུབ་པ་མ་ཟད། སྒྲིག་ཆས་གསར་སྒྱུར་དང་ཐོན་འབོར་མང་དུ་གཏོང་བའི་ང་ཚོའི་གདེང་ཚོད་ཀྱང་ཆེ་རུ་ཕྱིན་སོང”ཞེས་ཕིང་བཟོ་གྲྭའི་འགན་འཁུར་བ་བཀྲ་ཤིས་བདེ་ལེགས་ཀྱིས་བརྗོད་པ་དང་། བཟོ་གྲྭའི་ཆུ་ཀ་ལའི་སྐོར་བརྗོད་སྐབས་ཁོང་གི་ངོ་གདོང་ལས་དགའ་སྤྲོའི་འཛུམ་མདངས་ཡང་ཡང་འཕྱུར།
“ཆུ་དཀོན་པ”ནས“ཆུ་རྟག་ཏུ་སྤྱོད་རྒྱུ་ཡོད”པའི་བར་གྱི་དམངས་འཚོའི་འགྱུར་ལྡོག་དེ་ནི་ན་ནིང་ཟླ་12པར་སྣེ་གདོང་ཆུས་ཡར་སྟོད་ཤང་གི་གཞི་ཁྱོན་ཅན་གྱི་ཆུ་མཁོ་འདོན་ལས་གྲྭ་བསྐྲུན་ནས་སྤྱོད་འགོ་ཚུགས་རྗེས་ཐོན་པ་ཞིག་རེད། ལས་གྲྭ་དེས་སྔོན་ཆད་ཆུ་མཁོ་འདོན་སྒྲིག་ཆས་ཆུང་གྲས་ཀྱི་ཆུ་ཁུངས་བརྟན་པོ་མེད་པ་དང་མདོང་དྲ་ཁྱབ་རྒྱ་ཆུང་བའི་དཀའ་གནད་ཡག་པོ་བསལ་ཏེ། རྩེད་ཐང་གྲོང་ཁུལ་དང་དེ་རྒྱུད་ཀྱི་ཤང་དང་གྲོང་རྡལ་གྱི་མང་ཚོགས་ཁྲི་1.7ལྷག་ཙམ་ལ་འཚོ་བའི་ཆུ་སྤུས་ལེགས་སྤྱོད་ཐུབ་པར་བྱས་ཤིང་། དེ་ནི་ལྷོ་ཁ་གྲོང་ཁྱེར་གྱི“ཆུ་ལ་བརྟེན་ནས་དམངས་འཚོར་ཕན་པ་བཏགས། ལས་རིགས་དར་ནས་གྲོང་གསེབ་མཛེས་པར་གྱུར”པའི་གསོན་ཉམས་ལྡན་པའི་བསྡུས་རིས་ཤིག་ཡིན།
ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་ཆུ་མཁོ་འདོན་སྤུས་འབྲས་ལེགས་གཉེར་ཡོང་བར་རྒྱུན་མཐུད་སྐུལ་འདེད་བཏང་བས“ཆུ་འཐུང་རྒྱུ་ཡོད་པ”ནས“ཆུ་གཙང་མ་འཐུང་རྒྱུ་ཡོད་པའི”བར་དང་། ཁ་འཐོར་གྱི་ཆུ་མཁོ་འདོན་ནས་གཞི་ཁྱོན་དང་གཅིག་སྡུད་ཐོག་ཆུ་མཁོ་འདོན་བྱེད་པའི་བར། སྲོལ་རྒྱུན་བདག་སྐྱོང་ནས་རིག་ལྡན་བཅོས་སྐྱོང་བར་བཅས་ཀྱི་འགྱུར་ལྡོག་མངོན་འགྱུར་བྱུང་སྟེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ“ཆུའི་སྒུལ་ཤུགས”རྒྱུན་ཆད་མེད་པར་བསྣན་ཡོད།
“ཚད་གཞི”ཁ་གསལ་བཟོས་ནས་འཐུང་ཆུ་འགན་སྲུང་གི་འདེགས་སྐྱོར་བརྟན་པོ་བྱས་པ།
མཚོ་སྣ་གྲོང་ཁྱེར་ཁ་ཆུ་ཤང་ནི་རི་ཚོགས་ཀྱིས་ཡོངས་སུ་བསྐོར་ཞིང་གཡང་གཟར་གྲོག་རོང་མང་། “ཐག་རིང་ལུང་ཁུག་ཡིན་ཡང་ཁྱིམ་གྱི་ཆུ་ཀ་ལའི་གཅུས་སྒོ་གློད་ན་ཆུ་ཡོད་ཡོད་རེད། གནད་དོན་གང་ཞིག་འཕྲད་ཀྱང་ཁ་པར་རྒྱག་ཐེངས་གཅིག་ལ་ཆེད་དོན་མི་སྣས་ཁྱིམ་ལ་ཞབས་འདེགས་ཞུ་བར་ཡོང་གི་རེད”ཅེས་ཡུལ་མི་ཚེ་སྐྱིད་ཀྱིས་བརྗོད་པ་དང་། ཁོང་གི་རྒྱུན་གཏན་འཚོ་བའི་ཁྲོད་ཀྱི་ཐོབ་སྣང་དེ་ནི་མཚོ་སྣ་གྲོང་ཁྱེར་གྱི་རིག་ལྡན་བཀོལ་སྤྱོད་བདག་སྐྱོང་ལས་སྟེགས་དང་ཁ་འབྲལ་ཐབས་མེད། ལས་དོན་མི་སྣས་ལས་སྟེགས་བརྒྱུད་ནས་སྐོར་བཤེར་ལས་ཐོ་བསྐུར་བ་ལས། ཆུ་མཁོ་འདོན་གྱི་ཆ་འཕྲིན“གྲངས་འཛིན་ཅན་དང་སྒུལ་རྣམ་ཅན”གྱི་དོ་དམ་མངོན་འགྱུར་ཐུབ་ཡོད། སྟབས་བདེ་ལ་ལས་ཕྱོད་ཆེ་བའི་ཆུ་སྤྱོད་འགན་སྲུང་ལ་མཐའ་མཚམས་མང་ཚོགས་ཀྱིས་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད།
ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་བརྟེན་ནས་གྲོང་གསེབ་ཀྱི་ཆུ་མཁོ་འདོན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་ནས། ཞིང་འབྲོག་ཁུལ་གྱི་མང་ཚོགས་ཀྱི་འཐུང་ཆུའི་མདོང་དྲ་སྔར་བས་ཚགས་དམ་དུ་བཏང་ཡོད།
2025ལོར་རིམ་རྩིས་བརྒྱབ་ན། རིགས་ཁག་གི་མ་དངུལ་སྒོར་དུང་ཕྱུར་3.5བརྩོན་ལེན་བྱས་ཏེ་གྲོང་གསེབ་ཀྱི་ཆུ་མཁོ་འདོན་འགན་སྲུང་ལས་གྲྭ་འཛུགས་སྐྲུན་དང་ཉམས་བཟོ་བདག་སྐྱོང་ཐད་ཆེད་དུ་སྤྱད་ཡོད། དེ་དང་ཆབས་ཅིག“གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་མཁོ་འདོན་གཞི་གཅིག་ཅན་དང་། གཅིག་སྡུད་ཆུ་མཁོ་འདོན་གཞི་ཁྱོན་ཅན། ཆུ་མཁོ་འདོན་ཆུང་གྲས་ཚད་ལྡན་ཅན”བཅས་ཀྱི་འཕེལ་རྒྱས་བསམ་ཕྱོགས་ལ་བརྩི་སྲུང་ནན་པོ་ཞུས་ནས་ཉམས་བཟོ་བདག་སྐྱོང་ལས་གྲྭ་87དང་གཅིག་སྡུད་ཆུ་མཁོ་འདོན་ལས་གྲྭ་9གཙོ་གནད་ཐོག་ལག་ལེན་བསྟར་བས་མང་ཚོགས་ཁྲི་7ལྷག་ཙམ་ལ་ཐད་ཀར་ཕན་པ་ཐོབ་ཡོད།
ད་ཆ་ལྷོ་ཁ་གྲོང་ཁྱེར་གྱི་གྲོང་གསེབ་ཏུ་ཆུ་ཀ་ལ་ཁྱབ་ཚད་91%ཟིན་ནས་ས་ཁོངས་ཡོངས་ལ་ཁྱབ་པ་དང་། འགན་ལེན་ནུས་ལྡན། གྲོང་ཁྱེར་དང་གྲོང་གསེབ་སྦྲེལ་མཐུད་བཅས་ཀྱི་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་དྲ་བ་ཞིག་གཞི་རྩའི་ཆ་ནས་གྲུབ་ཡོད།
གནད་སྨིན་ལྟ་ཞིབ་ཚད་ལེན་བྱས་ནས་འཐུང་ཆུའི་བདེ་འཇགས་ཀྱི་སྲོག་རྩ་བརྟན་པོ་བསྲུངས་པ།
ལྷུན་རྩེ་རྫོང་ཙ་རི་གྲོང་རྡལ་ནས་ཐོན་པའི“ཙ་རིའི་བོད་རག”ས་གནས་དེ་གའི་མིའི་རྒྱུན་གཏན་གྱི་འཐུང་བྱ་ནས་ལྗོངས་ཕྱི་ནང་དུ་བྲིན་ཁ་རྒྱུག་པའི་ཁྱད་ལྡན་ཐོན་རྫས་ཤིག་ཏུ་འཕེལ་རྒྱས་ཕྱིན་པ་མ་ཟད། ས་གནས་དེ་གའི་མང་ཚོགས་ལ་འབབ་འཕར་ཡོང་བའི“ཕྱུག་འགྱུར་ཨ་རག”ལ་གྱུར་ཡོད། “ཨ་རག་གི་སྤུས་ཚད་དང་བྲོ་བ་ནི་ཆུའི་སྤུས་ཚད་དང་འབྲེལ་བ་ཆེན་པོ་ཡོད”ཅེས་ཙ་རིའི་བོད་རག་བསྙལ་བའི་ལག་རྩལ་གྱི་རྒྱུན་འཛིན་པ་ཕུན་ཚོགས་རྡོ་རྗེ་ཡིས་དེ་ལྟར་བརྗོད་པ་དང་། ཁོང་གིས“ད་ཆ་ཆུ་ཀ་ལ་མང་ཚོགས་ཀྱི་སྒོ་ར་དང་། ཐབ་ཚང་། གསང་སྤྱོད་བཅས་སུ་ཐད་ཀར་ཤར་གཏོང་ཐུབ་པས་ཙ་རིའི་བོད་རག་གི་སྤུས་ཚད་ལ་འགན་ལེན་བྱུང་ཡོད་ལ། མང་ཚོགས་ལའང་བདེ་འཇགས་བློ་བདེའི་ཆུ་འཐུང་རྒྱུ་བྱུང་ཡོད”ཅེས་མྱོང་ཚོར་ཟབ་མོས་བརྗོད།
ལྷོ་ཁ་གྲོང་ཁྱེར་གྱིས་འཐུང་ཆུའི་སྤུས་ཚད་བདེ་འཇགས་ལ་དམིགས་ནས་གྲོང་ཁྱེར་རིམ་པའི་ནོར་སྲིད་ཀྱིས་ལོ་ལྟར་ཆུའི་སྤུས་ཚད་ཞིབ་དཔྱད་ཚད་ལེན་གྱི་གྲོན་དངུལ་སྒོར་ཁྲི་35ཆེད་མངགས་བཀོད་སྒྲིག་བྱས་ནས《འཚོ་བའི་འཐུང་ཆུའི་འཕྲོད་བསྟེན་གྱི་ཚད་གཞི》ཡི་དམིགས་ཚད་དང་བླང་བྱར་ནན་པོར་གཞིགས་ཏེ་ཆུ་བྲི་དུས་དང་ཆུ་རྒྱས་དུས་གཉིས་ཀར་ཡོངས་ཁྱབ་ངང་ཆུའི་སྤུས་ཚད་ལ་སྐོར་བཤེར་བྱས་པ་དང་། རྫོང(གྲོང་ཁྱེར་དང་ཆུས)ཁག་གིས་མ་དངུལ་སྒོར་ཁྲི་500ལྷག་ཙམ་དུས་གཅིག་ཏུ་དོན་འཁྱོལ་བྱས་པས་གྲོང་གསེབ་ཀྱི་ཆུའི་སྤུས་ཚད་ཞིབ་དཔྱད་ཚད་ལེན་ཡོངས་སུ་ཁྱབ་ཐུབ་ཡོད།
2025ལོར་ལྷོ་ཁ་གྲོང་ཁྱེར་གྱིས་ཆུའི་སྤུས་ཚད་ལེགས་སུ་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་ཏེ་ཀྲུང་དབྱང་གི་ཆུ་བེད་འཕེལ་རྒྱས་མ་དངུལ་སྒོར་ཁྲི་873བརྩོན་ལེན་བྱས་ནས་ཆུའི་སྤུས་ཚད་མཐོ་རུ་གཏོང་བའི་ལས་གྲྭ་ཆེད་མངགས་ལག་བསྟར་བྱས་ཏེ་སྒྲིག་བཀོད་དང་ལས་གྲྭའི་རིམ་ངོས་ནས་ཆུའི་སྤུས་ཚད་རྒྱུན་མཐུད་ལེགས་སུ་བཏང་བས། གྲོང་གསེབ་ཀྱི་ཆུ་མཁོ་འདོན་གྱི་ཆུའི་སྤུས་ཚད་སྤྱི་ཡོངས་ཚད་ལོན་ཚད་ལྗོངས་ཡོངས་ཀྱི་ཨང་དང་པོར་བསླེབས་ཏེ་མང་ཚོགས་ཀྱི་འཐུང་ཆུ་སྐྱོན་བྲལ་ཡོང་བའི“བདེ་འཇགས་སྲུང་བཅད”བརྟན་པོ་བསྐྲུན་ཡོད།
འཛུགས་སྐྲུན་དང་དོ་དམ་ཡག་པོ་བྱས་ནས་ཆུ་གཙང་མས་དམངས་ལ་ཕན་པ་བཏགས་པ།
གྲ་ནང་རྫོང་ཟུར་མཁར་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་བུ་ཆུང་གིས“ནམ་རྒྱུན་ནས་དོ་དམ་ཡག་པོ་མ་བྱུང་ན་ཆུ་ཡག་པོ་ག་ཚོད་ཡོད་ཀྱང་ཁྱིམ་དུ་འཁྲིད་ཐུབ་ཀྱི་མ་རེད”ཅེས་གསུངས་པ་དེ་ལས་སྔོན་མ་གྲོང་གསེབ་ཀྱི་ཆུ་མཁོ་འདོན་ལས་གྲྭར“འཛུགས་སྐྲུན་ལ་མཐོང་ཆེན་དང་དོ་དམ་ལ་སྣང་ཆུང”བྱེད་པའི་གནད་དོན་ཐད་ཀར་བཏོན་ཡོད།
དེ་སྔ་བསྐྲུན་ཟིན་པའི་ཆུ་མཁོ་འདོན་སྒྲིག་ཆས་མི་ཉུང་བ་ཞིག་ལ་དོ་དམ་བྱེད་མཁན་མེད་པ་དང་གྲོན་དངུལ་མེད་པའི་རྐྱེན་གྱིས་སྐབས་ཤིག་རིང་ཕན་མེད་ལྟ་བུར་གྱུར་ཡོད། དེས་ན་ལྷོ་ཁ་གྲོང་ཁྱེར་གྱིས་ཆེད་ལས་ཅན་གྱི་བདག་སྐྱོང་ཚད་བརྒལ་སར་བྱས་ནས་རྫོང(ཆུས་དང་གྲོང་ཁྱེར)12ལ་གཅིག་གྱུར་དོ་དམ་ཡོངས་སུ་ཁྱབ་པར་བྱས་ཏེ། རྫོང་སྲིད་གཞུང་གིས་གཙོ་ཁྲིད་དང་། ཆུ་བེད་སྡེ་ཚན་གྱིས་གཙོ་གཉེར། གཅིག་གྱུར་དོ་དམ་ལས་སྟེགས་ཀྱིས་འགན་འཁྲི་གཙོ་བོ་འཁུར་བ། ཤང་དང་གྲོང་རྡལ་གྱི་ཁོངས་གཏོགས་ས་ཁུལ་གྱིས་གཞོགས་འདེགས་དོ་དམ། གྲོང་ཚོ་རིམ་པ་དེའི་ནང་ཞུགས་པ་བཅས་ཀྱི་བདག་སྐྱོང་གི་སྒྲོམ་གཞི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཡོད།
ཆུ་མཁོ་འདོན་ལས་གྲྭ་ཚང་མ་བེད་སྤྱོད་ཡག་པོ་བྱ་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་རྒྱུན་རྣམ་ཅན་གྱི་ལྟ་འདོམས་ལམ་སྲོལ་བཙུགས་ནས་ཆུ་མཁོ་འདོན་གྱི་བདག་སྐྱོང་གནད་དོན་ལ་རྩིས་ཐོ་འགོད་པ་དང་ཨང་ཐོ་སུབ་པ་དང་། 2025ལོར་གནད་དོན་ཁག་89ལ་བབ་བསྟུན་གྲལ་བཤེར་དང་དག་ཐེར་བྱས་ནས་མངོན་མེད་རྐྱེན་ངན་བབ་བསྟུན་གཙང་སེལ་ཐུབ་ཡོད། གྲོང་ཁྱེར་ཡོངས་ཀྱིས་གྲངས་འཛིན་གྱི་མཐུན་རྐྱེན་སྦྱར་ཏེ་ཆུ་འགོ་དང་། ཆུ་བཟོ་གྲྭ མདོང་དྲ་བཅས་ཀྱི་འཁོར་འབྲེལ་ཧྲིལ་པོའི་གྲངས་གཞི་བསྡུ་སྒྲིལ་བྱས་ནས་ཆུ་མཁོ་འདོན་གྱི་ཆུ་ཤུགས་དང་། ཆུ་འབབ་ཚད། ཆུའི་སྤུས་ཚད་བཅས་ལ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱས་པས་བདག་སྐྱོང་གི་ཕན་འབྲས་ཆེ་རུ་ཤུགས་ཆེན་ཕྱིན་ཡོད།
ད་ཆ་ལྷོ་ཁ་དང་ཐ་ན་ལྗོངས་ཡོངས་སུ་ཆུ་ཀ་ལའི་མདོང་དྲ་བརྒྱུད“བློ་བདེའི་ཆུ”སྔར་ལས་མང་བ་ཁྱིམ་ཚང་ཁྲི་སྟོང་མང་པོར་བསྐྱལ་ནས་ཆུ་ནས་འགོ་བའི་ནད་ཡམས་འགོས་ལམ་མེད་པར་བཟོས་པས། ཞིང་འབྲོག་ཁུལ་དུ་གྲོད་པ་བཤལ་བ་དང་། ཐུམ་འབུའི་ནད། གྲུམ་བུ་ཚིགས་ཆེན་གྱི་ནད་སོགས་ཕོག་ཚད་མངོན་གསལ་དོད་པོས་ཉུང་དུ་ཕྱིན་ནས་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་སུ་སླེབས་ཡོད།
འབྲེལ་ཡོད་གསར་འགྱུར།