དབུ་ཤོག>ཞིང་འབྲོག་གསར་པ།>ཞིང་འབྲོག་ཤེས་བྱ།
  • ཞིང་འབྲོག་པས་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་དེ་དག་སེམས་ལ་བརྟན་པོར་ངེས་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-05-11

    ཞིང་འབྲོག་ཁུལ་དུ་ས་རྒྱ་ཆེ་ལ་སྡོད་གནས་ཁ་ཐོར་ཡིན་པ་དང་། བུད་ཤིང་གཅིག་སྡུད་ཐོག་སྤུངས་པ་དང་མེ་དང་གློག་སྤྱོད་སྟངས་རྙོག་འཛིང་ཆེ་བས། མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བལྟོས་བཅས་ཀྱིས་མངོན་གསལ་དོད་པོ་ཡོད། ཞིང་འབྲོག་ཁུལ་དུ་མེ་ཟོན་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོར་བསྐྲུན་ནས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་བྱ་ཆེད། མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་དེ་དག་ངེས་པར་དུ་སེམས་ལ་བརྟན་པོར་ངེས་དགོས།

    གཅིག མེ་སྤྱོད་བདེ་འཇགས་སེམས་ལ་བརྟན་པོར་ངེས་དགོས།

    1.བུད་ཤིང་དང་གྱོན་ཆས་སོགས་འབར་སླ་བ་དང་འབར་རུང་པའི་དངོས་པོ་དག་ཐབ་ཀ་དང་མེ་གཞོང་དང་བར་ཐག་ངེས་ཅན་བཞག་ནས་བདེ་འཇགས་ལྡན་པར་བྱེད་དགོས་པ་དང་། བུད་ཤིང་དང་སོག་མ་སོགས་ཁང་པ་དང་ཕྱུགས་ཚང་དང་ཐག་རིང་ཙམ་གྱི་སར་འཇོག་དགོས་ལ། དུས་བཀག་ལྟར་ཁང་པའི་རྒྱབ་མདུན་གྱི་རྩྭ་ངན་གཙང་སེལ་བྱས་ཏེ་མེ་སྐྱོན་སྔོན་འགོག་བྱེད་དགོས།

    2.བསང་གཏོང་བ་དང་མཆོད་འབུལ་བྱེད་པ་སོགས་ཀྱི་བྱེད་སྒོའི་སྐབས། ཉེ་འཁོར་གྱི་འབར་སླ་བ་དང་འབར་རུང་བའི་དངོས་པོ་སྔ་སྣུར་དུ་གཙང་སེལ་བྱེད་པ་དང་། ས་གནས་ས་ཐོག་ཏུ་ལྟ་སྐྱོང་བྱེད་མཁན་བཞག་ནས་བྱེད་སྒོ་མཇུག་འགྲིལ་རྗེས་ངེས་པར་དུ་མེ་ཡག་པོ་བསད་དེ་མེ་བསྐྱར་དུ་མི་འབར་བའི་སྔོན་འགོག་བྱེད་དགོས།

    3.དྲོད་གཏོང་བ་དང་ལྟོ་ཆས་བཟོ་བའི་ཐད་ཐབ་ཆས་དང་སོལ་མེ་བེད་སྤྱོད་བྱེད་སྐབས། ཁང་པའི་ནང་རླུང་འགྲོ་ཡག་པོ་ཐུབ་པར་བྱས་ནས་དབྱང་གཅིག་ཐཱན་རྫས་ཀྱི་དུག་མི་ཕོག་པ་བྱེད་དགོས། མ་ཉལ་གོང་མེ་ཡག་པོ་བསད་ཡོད་མེད་བལྟས་ཏེ། མེ་སྤྱོད་སྐབས་ངེས་པར་དུ་ལྟ་མཁན་ཡོད་པ་དང་། མི་ཕྱིར་འགྲོ་དུས་མེ་བསད་དེ་ཐབ་བཀག་དགོས།

    གཉིས། ཚད་ལྡན་ཅན་ངང་གློག་སྤྱོད་པ་ལས་ལྷོད་གཡེང་དུ་གཏན་ནས་གཏོང་མི་རུང་།

    1.གློག་སྐུད་གང་བྱུང་དུ་མི་འཐེན་པ་དང་། གློག་ཆས་ཐེག་ཚད་ལས་བརྒལ་ནས་བེད་སྤྱོད་མི་བྱེད་པ། རྙིང་པར་གྱུར་པ་དང་སྐྱོན་ཤོར་བའི་གློག་སྐུད་དང་བསྒར་པང་དུས་ཐོག་ཏུ་བརྗེ་པོ་རྒྱག་དགོས་པ་མ་ཟད། ཟངས་སྐུད་དང་ལྕགས་སྐུད་ཀྱིས་ཉེན་འགོག་ཞ་སྐུད་ཀྱི་ཚབ་གཏན་ནས་བྱེད་མི་རུང་།

    2.ཞིང་འབྲོག་ཁུལ་གྱི་གློག་སྒུལ་རྐང་འཁོར་དང་ཞིང་འཕྲུལ་ཡོ་བྱད་ཀྱི་གློག་རྫས་ལ་གློག་གསོག་སྐབས་ཕྱི་རོལ་གྱི་རླུང་འགྲོ་ཡག་སར་གློག་གསོག་དགོས་པ་དང་། འབར་སླ་བ་དང་འབར་རུང་བའི་དངོས་རྫས་དང་ཐག་རིང་ཙམ་འཇོག་དགོས། མཚན་གང་རིང་གློག་གསོག་མི་རུང་། གློག་རྫས་ཚ་དྲགས་ནས་མེ་སྐྱོན་བྱུང་བའི་གནས་ཚུལ་མི་ཐོན་སྔོན་འགོག་བྱེད་དགོས།

    3.ཕྱུགས་ཚང་དང་རྩྭ་ཁང་ནང་གློག་སྐུད་གང་བྱུང་དུ་འཐེན་མི་རུང་ལ་གློག་ཆས་གང་བྱུང་དུ་སྒྲིག་སྦྱོར་ཡང་བྱེད་མི་རུང་། སྐུད་ལམ་འཁྲུགས་ནས་གཟན་རྩྭ་སོགས་འབར་རུང་བའི་དངོས་པོར་མེ་མི་ཤོར་བ་བྱེད་དགོས།

    གསུམ། མེ་བསད་ནས་སྲོག་ཉེན་ལས་ཐར་ཐབས་བྱེད་དགོས།

    1.ཁྱིམ་ཚང་ཚང་མས་རྒྱུན་དུ་མེ་གསོད་ཡོ་བྱད་དང་། ཆུ་ཟོམ། བྱེ་ས་སོགས་སྟབས་བདེའི་མེ་གསོད་ཡོ་བྱད་གྲ་སྒྲིག་བྱེད་དགོས་པ་དང་། གཞི་རྩའི་བེད་སྤྱོད་བྱེད་ཐབས་ཁོང་དུ་བརྟན་པོར་ཆུད་པ་བྱས་ཏེ་མེ་ཆུང་ཆུང་འབར་བ་མཐོང་ཚེ་དུས་ཐོག་ཏུ་མེ་གསོད་དགོས་པ་དང་། མེ་ཤུགས་ཆེ་རུ་ཕྱིན་ཚེ་ལམ་སེང་མེ་སྐྱོན་ཐོན་ས་ནས་ཕྱིར་འཐེན་བྱེད་དགོས།

    2.མེ་སྐྱོན་ཉེན་བརྡའི་ཁ་པར་ཨང་གྲངས་119གསལ་པོར་ངེས་དགོས་པ་དང་། མེ་སྐྱོན་ཐོན་པའི་གནས་ཚུལ་སྙན་སེང་ཞུ་སྐབས་མེ་ཤོར་ཡུལ་དང་། མེ་ཤུགས་ཆེ་ཆུང་། འབར་བའི་དངོས་པོ། འབྲེལ་གཏུག་བྱེད་སྟངས་བཅས་གསལ་པོར་ཤོད་དགོས་པ་དང་། ཞིང་འབྲོག་ཁུལ་གྱི་ཞིབ་ཕྲའི་གྲོང་ཚོ་དང་ཚོགས་ཆུང་དང་། མཚོན་རྟགས་རང་བཞིན་གྱི་སྐྲུན་དངོས་གསལ་པོར་བཤད་ནས་མེ་གསོད་རོགས་སྐྱོབ་བྱེད་པར་སྟབས་བདེ་སྐྲུན་དགོས།

    3.ཁང་པར་མེ་ཤོར་སྐབས་ཨ་ཅོར་རློན་པས་ཁ་སྣ་གཉིས་བཀབ་ནས་སྒུར་སྒུར་གྱིས་མགྱོགས་ནས་མྱུར་དུ་བྲོས་དགོས་པ་ལས་རྒྱུ་ནོར་ལ་ཞེན་ཆགས་ཏེ་གཏན་ནས་སྡོད་མི་རུང་། གལ་ཏེ་ཁང་པའི་སྒོ་ཚ་པོ་ཆགས་ཚེ་སྒོ་གཏན་ནས་ཕྱེ་མི་རུང་བར། གྱོན་ཆས་རློན་པས་སྒོ་བཀག་ནས་སྒེའུ་ཁུང་གི་འགྲམ་དུ་ཕྱིན་ཏེ་རོགས་སྐྱོབ་བྱེད་མཁན་སྒུག་ནས་སྡོད་དགོས།

    བཞི། འབྲོག་ཁུལ་དུ་མེ་ཟོན་བྱེད་དགོས།

    1.རྩྭ་ཐང་སྟེང་ཕྱུགས་འཚོ་སྐབས་ཐ་མག་གི་ཕྲུག་ལྷག་གང་བྱུང་དུ་གཡུགས་པ་དང་མེ་གང་བྱུང་དུ་སྤྱོད་མི་རུང་བ་དང་། ཕྱི་རོལ་གྱི་མེ་ཁུངས་ལས་རྩྭ་ཐང་ལ་མེ་སྐྱོན་མི་ཡོང་བ་བྱེད་དགོས། རྩྭ་ཐང་ལ་མེ་སྐྱོན་ཐོན་པ་ཤེས་རྟོགས་བྱུང་ཚེ་ས་གནས་དེ་གའི་མེ་གསོད་དང་ནགས་ལས་སྡེ་ཚན་ལ་འཕྲལ་མར་སྙན་སེང་ཞུ་དགོས།

    2.སྟབས་བདེའི་ཁང་པ་དང་སྦྲ་གུར་མེ་ཁུངས་དང་རྒྱང་ཐག་རིང་ཙམ་སར་འཇོག་དགོས་པ་དང་། མེ་གང་འདོད་དུ་སྤྱད་ནས་དྲོད་སྲོ་བ་དང་ལྟོ་ཆས་བཟོ་མི་རུང་། མེ་གསོད་ཡོ་བྱད་འདང་ངེས་སྒྲིག་སྦྱོར་བྱས་ནས་མེ་འགོག་གི་བར་མཚམས་ལེགས་པར་འཇོག་དགོས།

    3.ཞིང་འཕྲུལ་ཡོ་བྱད་སྤྱད་དེ་ལས་ཀ་བྱེད་སྐབས་གློག་ལམ་དང་སྣུམ་ལམ་ལ་སྐྱོན་ཆ་ཡོད་མེད་ཐད་ཞིབ་བཤེར་བྱས་ཏེ་འཕྲུལ་ཆས་ལ་སྐྱོན་ཤོར་ནས་མེ་སྐྱོན་བྱུང་བའི་གནས་ཚུལ་མི་ཐོན་སྔོན་འགོག་བྱེད་དགོས། ལས་ཀ་བྱ་ཡུལ་འབར་སླ་བའི་གཟན་རྩྭ་དང་སོག་མ་དང་ཐག་རིང་ཙམ་བྱེད་དགོས།

    ལྔ། ཕྲུ་གུར་ལྟ་སྐྱོང་ནན་པོ་བྱེད་དགོས།

    ན་སོ་དར་ལ་མ་བབས་པའི་མིར་མེ་ཟོན་བདེ་འཇགས་ཀྱི་སློབ་གསོ་རྒྱག་ཤུགས་ཆེ་རུ་བཏང་སྟེ། ཕྲུ་གུར་མེ་ལ་རྩེད་མོ་མི་རྩེ་རྒྱུ་དང་། གློག་ཆས་གང་བྱུང་མི་སྤྱོད་རྒྱུ། ཅ་དངོས་ཙག་ཙིག་མེར་མི་སྲེག་རྒྱུ་བཅས་ཀྱི་སློབ་གསོ་རྒྱག་དགོས་པ་དང་། ཁྱིམ་བདག་གིས་རྒྱུན་གཏན་ལྟ་སྐྱོང་ཡག་པོ་བྱས་ཏེ། མེ་ཆ་དང་མུ་ཟི་སོགས་ཕྲུ་གུས་རེག་མི་ཐུབ་པའི་སར་འཇོག་དགོས།

    མེ་ཟོན་བདེ་འཇགས་སྲུང་བ་ནི་ཚང་མའི་འགན་འཁྲི་རེད། ང་ཚོས་ལག་གདང་སྦྲེལ་ནས་དཔུང་པ་མཉམ་གཤིབ་ཀྱིས་བྱ་བ་ཆུང་ཙག་ནས་འགོ་བརྩམས་ཏེ། རང་རྟོགས་ངང་མེ་ཟོན་བདེ་འཇགས་ཀྱི་གཏན་འབེབས་ལ་བརྩི་སྲུང་དང་། རང་འགུལ་ངང་ཉེ་འགྲམ་གྱི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ནས། བདེ་འཇགས་དང་ཞི་མཐུན་གྱི་ཞིང་འབྲོག་ཁུལ་གྱི་འཚོ་བའི་ཁོར་ཡུག་ཅིག་མཉམ་དུ་སྐྲུན་དགོས།

    (བོད་རང་སྐྱོང་ལྗོངས་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་ནས་མཁོ་འདོན་བྱས)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།