འཇམ་པོའི་བལ་གྱིས་སྤུས་དག་ཐོན་རྫས་བསླས། ལག་ཤེས་བཟང་པོར་ཕྱུག་འགྱུར་ལམ་བུ་ཡངས།
ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གསུམ་འཕྲེང་ཤང་སྒང་པ་གྲོང་ཚོས་སྲོལ་རྒྱུན་བཟོ་རྩལ་ལ་བརྟེན་ནས་མང་ཚོགས་ཕྱུག་འགྱུར་གྱི་ཐབས་ལམ་ཡངས་སུ་བཏང་བ།

སྒང་པའི་འཁལ་འཐག་མཉམ་ལས་ཁང་གི་ལས་མི་དབྱངས་སྐྱིད་ཀྱིས་བལ་གྱི་རྩེད་ཆས་སླ་བཞིན་པ།

སྒང་པའི་འཁལ་འཐག་མཉམ་ལས་ཁང་གི་ལས་མིས་བསླས་པའི་ལག་ཤེས་ཐོན་རྫས་ཡིན་པ།

སྒང་པའི་འཁལ་འཐག་མཉམ་ལས་ཁང་གི་ལས་མིས་བསླས་པའི་ལག་ཤེས་ཐོན་རྫས་ཡིན་པ།

སྒང་པའི་འཁལ་འཐག་མཉམ་ལས་ཁང་གི་ལས་མིས་བསླས་པའི་ལག་ཤེས་ཐོན་རྫས་ཡིན་པ།

སྒང་པའི་འཁལ་འཐག་མཉམ་ལས་ཁང་གི་ཐོན་རྫས་འགྲེམས་སྒྲོམ་ཡིན་པ།
ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གསུམ་འཕྲེང་ཤང་སྒང་པ་གྲོང་ཚོའི་སྒང་པ་བུད་མེད་ལག་ཤེས་འཁལ་འཐག་ཞིང་པའི་ཆེད་ལས་མཉམ་ལས་ཁང་དུ། བུད་མེད་བཅུ་གྲངས་ཤིག་སྒོར་རེར་བསྡད་དེ་ལྷུན་གྲུབ་ཀྱི་སྤུས་ལེགས་ཡུལ་བལ་ཐོན་ཁུངས་ལ་བརྟེན་ནས་གནའ་བོའི་བོད་བཟོའི་ལག་ཤེས་འཁལ་འཐག་ལག་རྩལ་དང་དེང་རབས་ཀྱི་མཛེས་དཔྱོད་མཉམ་འདྲེས་གཏིང་ཟབ་ཀྱི་ཐོན་རྫས་བཟོ་བཞིན་འདུག བུད་མེད་ཚོས་ཁབ་སྐུད་རེ་རེར་བརྟེན་ནས་མི་རིགས་རིག་གནས་ཀྱི་རྩ་བ་སྲུང་བ་དང་ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་དང་ཐུན་མོང་འབྱོར་ཕྱུག་གི་བདེ་སྐྱིད་ལྡན་པའི་རྣམ་པ་ཞིག་བཀོད་བཞིན་མཆིས།
བཟོ་ཁང་ཆུང་ཆུང་དེ་ཐུན་མོང་འབྱོར་ཕྱུག་གི་འཁོར་ཁང་དུ་གྱུར་པ།
སྒང་པ་གྲོང་ཚོ་ཐག་རིང་འབྲོག་ཁུལ་དུ་གནས་ཤིང་། བོད་རུམ་དང་། སྣམ་བུ། པང་གདན་བཅས་ནི་གྲོང་ཚོའི་བུད་མེད་མི་རབས་ནས་མི་རབས་ཀྱིས་རྒྱུན་འཛིན་བྱེད་པའི་སྲོལ་རྒྱུན་གྱི་ལག་རྩལ་ཞིག་ཡིན་པས། བོད་ཀྱི་མང་ཚོགས་ཀྱི་འཚོ་བའི་ཁྲོད་ཀྱི་བློ་གྲོས་དང་རིག་གནས་ཀྱི་བརྩེ་བ་ཟབ་མོ་འདུས་ཡོད་མོད། འོན་ཀྱང་འདས་ཟིན་པའི་དུས་ཡུན་རིང་པོའི་ནང་རྩེར་སོན་གྱི་ལག་རྩལ་དེ་རང་མཁོ་རང་འདོན་གྱི་གནས་སུ་ལུས་ནས། བུད་མེད་ཚོས་ཞིང་དལ་དང་ལག་དལ་སྐབས་སུ་བསླས་ཏེ་རང་ཁྱིམ་དུ་སྤྱོད་ཀྱི་ཡོད་པས་གཞི་ཁྱོན་ཅན་གྱི་ཐོན་སྐྱེད་བྱེད་སྟངས་དང་ཁྲོམ་ར་ཅན་གྱི་འཕེལ་རྒྱས་གཏོང་སྟངས་ཀྱི་བསམ་བློ་ཞན་པས་འབབ་འཕར་གྱི་ཐབས་ལམ་དུ་འགྱུར་ཐབས་བྲལ་ཏེ། ཁྱད་ལྡན་ལག་རྩལ་དེ་རིམ་བཞིན་མཐའ་ལ་གྱར་བ་དང་རྒྱུན་འཛིན་པ་དཀོན་པའི་དཀའ་ངལ་འཕྲད་ཡོད།
རྣམ་པ་འདི་འགྱུར་ལྡོག་གཏོང་བར་ཐོག་མའི་བསམ་འདུན་དང་བརྟན་སྲུང་ལ་བརྟེན་དགོས་པ་མ་ཟད། ད་དུང་རོགས་སྐྱོར་དང་སྣེ་ཁྲིད་དང་དེ་བས་ཁ་འབྲལ་ཐབས་མེད། “མཉམ་ལས་ཁང་2015ལོའི་ཟླ་3པར་བཙུགས་པ་དང་། དང་ཐོག་ལག་བསྟར་དངུལ་སྒོར་ཁྲི་1.6ལས་མེད་པས་མ་དངུལ་དཀོན་ལ་གཞི་ཁྱོན་ཆུང་བ་དང་། རྨང་གཞི་ཞན་པས་གྲོང་ཚོའི་བུད་མེད་ཚོའི་སེམས་ཤུགས་བརྟན་པོར་བརྟེན་ནས་ད་བར་རྒྱུན་འཁྱོངས་ཐུབ་ཡོད”ཅེས་སྒང་པ་གྲོང་ཚོར་བཅའ་སྡོད་ཧྲུའུ་ཅི་དང་པོ་པ་སངས་ཚེ་རིང་གིས་གསར་འགོད་པར་མཉམ་ལས་ཁང་ཐོག་མར་གཉེར་སྐབས་འཕྲད་པའི་དཀའ་ངལ་དང་དེའི་འཕེལ་རྒྱས་བརྒྱུད་རིམ་སྐོར་བཤད། ལོ་མང་རིང་། མཉམ་ལས་ཁང་ལ་གཉེར་སྐྱོང་ཚད་ལྡན་དང་། ཆེད་ལས་མཛུབ་ཁྲིད། ཐབས་ལམ་བརྟན་པོ་བཅས་མེད་པས་སྐབས་ཤིག་རིང་འཕེལ་རྒྱས་འགྲོ་མཚམས་ཆད་པ་དང་། 2024ལོར་སླེབས་སྐབས་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་གསུམ་པ་སྒང་པ་གྲོང་ཚོར་བཅའ་སྡོད་བྱས་རྗེས། གྲོང་ཚོའི་གནས་ཚུལ་དངོས་དང་ཐོན་ལས་ཀྱི་དཀའ་གནད་དང་སྦྲེལ་མཐུད་གནད་སྨིན་གྱིས། མཉམ་ལས་ཁང་འཕེལ་རྒྱས་ཀྱི་དཀའ་གནད་ཕྱོགས་ཡོངས་ནས་མཐིལ་རྟོགས་བྱེད་པ་དང་། སེམས་ནུས་འདོན་པ་དང་ཐོན་ཁུངས་གང་ལེགས་སྤྱོད་པ། མཉམ་ལས་ཁང་ལ་ཕྱོགས་ཡོངས་ནས་གསེད་བཀྲོལ་དང་གང་འགབ་ཅི་སྤྱོད་བྱེད་པ། འཕེལ་རྒྱས་འགྲོ་དཀའ་བའི་རྣམ་པར་རྦད་དེ་འགྱུར་ལྡོག་གཏོང་བ་བཅས་བྱས་ཏེ། ལོ་མང་གནས་པའི་མཉམ་ལས་ཁང་དེ་སླར་ཡང་སྐྱེ་སྟོབས་ཀྱི་གསོན་ཤུགས་ལྡན་པར་བྱས་ཡོད། “ང་ཚོ་གྲོང་ཚོར་བཅའ་སྡོད་བྱས་ནས་ལག་ཤེས་རྙིང་པ་དེ་བརྟན་པོ་བསྲུངས་ནས་ཡུལ་དེའི་རིག་གནས་རྒྱུན་འཛིན་ཐུབ་ཆེད་ཙམ་མ་ཟད། དེ་བས་གྲོང་ཚོའི་བུད་མེད་ཚོས་ཁྱིམ་གྱི་སྒོ་རྩ་ནས་ལས་ཞུགས་འབབ་འཕར་ཡོང་ཆེད་ཡིན”ཞེས་པ་སངས་ཚེ་རིང་གིས་བཤད།
ད་ཆ་མཉམ་ལས་ཁང་གིས་གྲོང་ཚོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་མཉམ་ལས་ཁང་གི་འགན་ཁུར་བ་བཀྲ་ཤིས་ལྷ་མོའི་སྣེ་ཁྲིད་འོག་གཞི་ཁྱོན་ཅན་དང་ཚད་ལྡན་ཅན་གྱི་འཕེལ་རྒྱས་ཀྱི་ལམ་བུར་རིམ་གྱིས་བསྐྱོད་ནས་སྒང་པ་གྲོང་ཚོ་དང་ཐ་ན་ཉེ་འཁོར་དུ་སྐད་གྲགས་ཅུང་ལྡན་པའི་ཁྱད་ལྡན་ཐོན་ལས་རྣམ་གྲངས་ཤིག་ཏུ་གྱུར་ཡོད། བོད་བཟོའི་ཁ་གདན་དང་། སྲོལ་རྒྱུན་ལག་ཤེས་ཕྱིང་ཞྭ། རླངས་འཁོར་ནང་འགེལ་ཆས། ལག་ཤེས་འཁལ་འཐག་མེ་ཏོག ཁ་དཀྲིས་སོགས་ཚུད་པའི་མཉམ་ལས་ཁང་གི་གཙོ་གཉེར་ཐོན་རྫས་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་ནས། བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཉམས་འགྱུར་ཟབ་མོ་ཆ་ཚང་པོས་ཉར་ཚགས་བྱས་པ་མ་ཟད། དེང་རབས་འཚོ་བའི་དགོས་མཁོ་དངོས་དང་མཛེས་དཔྱོད་ཀྱི་དར་བཟོ་གཉིས་ལྡན་པས་རྒྱ་ཆེའི་མང་ཚོགས་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།
ཐོག་མའི་ཁ་ཐོར་གྱི་འཁལ་འཐག་བཟོ་ཁང་ཆུང་ཆུང་ཞིག་ནས་ད་ཆའི་ཚད་ལྡན་ཅན་གྱི་གཉེར་སྐྱོང་གི“བུད་མེད་རྟགས་ཅན”གྱི་ཐོན་ལས་ཀྱི་ཚད་ཤིང་དུ་གྱུར་ཏེ། མཉམ་ལས་ཁང་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཕྱིན་པ་མ་ཟད། ཡུལ་དེའི་བུད་མེད་ཚོར་ཕན་པ་དངོས་ཀྱང་ཐོབ་ཡོད་པ་རེད།
ཐོན་རྫས་ཆུང་ཆུང་ལ་བརྟེན་ནས་ཁྲོམ་ར་ཆེན་པོ་བཏོད་པ།
སྔོན་ཆད་རང་ཁྱིམ་ཁོ་ནར་སྤྱོད་པ་ལས་དོ་སྣང་བྱེད་མཁན་མེད་པའི་ལག་ཤེས་ཐོན་རྫས་དག་ད་ཆ་ཕུལ་དུ་བྱུང་བའི་སྲོལ་རྒྱུན་བཟོ་རྩལ་དང་། ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ཁྱད་ཆོས། ཐོན་རྫས་ཀྱི་སྤུས་ཚད་རྩེར་སོན་བཅས་ལས་མིང་གྲགས་ཆེ་རུ་ཕྱིན་ནས་ལྷུན་གྲུབ་རྫོང་གྲོང་ཙམ་མ་ཟད། ལྷ་ས་གྲོང་ཁུལ་གྱི་མང་ཚོགས་ཚོའི་ཁྲོད་རིམ་བཞིན་མངོན་ནས། ས་གནས་དེ་གའི་ཁྲོམ་ར་རྒྱུན་མཐུད་རྒྱ་ཆེར་བཏང་ཡོད་ལ། “རང་ཐོན་རང་སྤྱོད”ནས“ཁྲོམ་རའི་ཕྱིར་ཚོང”བར་གྱི་འགྱུར་ལྡོག་བདེ་བླག་བྱུང་སྟེ་བུད་མེད་ཚོའི་ལག་ཤེས་ཐོན་རྫས་དག་ས་མཐོའི་དམིགས་བསལ་ཁྱད་ཆོས་ལྡན་པའི་དམངས་ཕྱུག་ལག་ཤེས་ཀྱི་ལམ་བུ་གསར་པ་ཞིག་ཏུ་བསྐྱོད་ཡོད།
ཁྲོམ་ར་རྒྱ་ཆེར་གཏོང་བའི་ཐད་མཉམ་ལས་ཁང་གིས་སྒུག་རྟེན་མི་བྱེད་པར་རང་འགུལ་ངང་ལས་དོན་བསྒྲུབས་ནས། དྲ་ཕྱིའི་འགྲེམས་ཚོང་དང་རིག་གནས་ཡུལ་སྐོར་ཁྱབ་གདལ་གཏོང་བའི་གོ་སྐབས་སྣ་ཚོགས་དམ་འཛིན་ཧུར་ཐག་བྱས་ཏེ་ལྷུན་གྲུབ་རྫོང་གི་ལོ་གསར་ཚོང་འདུས་སྐབས་དང་པོ་སོགས་ས་གནས་དེ་གའི་ཁྱད་ལྡན་འགྲེམས་ཚོགས་ལ་ཞུགས་པ་དང་ཆེད་མངགས་འགྲེམས་གནས་བཙུགས་ཏེ་ལག་ཤེས་ཐོན་རྫས་སྣ་ཚོགས་འགྲེམས་སྟོན་བྱས་པ་རེད། འདི་ལོའི་ལོ་གསར་ཚོང་འདུས་ཐོག་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཟབ་མོ་དང་སྤྱོད་གོ་ཆོད་པའི་འཚོ་བའི་རིན་ཐང་ཆེན་པོ་ལྡན་པའི་ལག་ཤེས་ཐོན་རྫས་འགྲེམས་སྟོན་བྱས་མ་ཐག་གྲོང་མི་དང་ཡུལ་སྐོར་བ་མང་པོ་ཞིག་གིས་ལྟད་མོ་ལྟ་བའམ་བློ་འདྲི་འདེམས་ཉོ་བྱེད་པར་ཡོང་བས། འགྲེམས་གནས་མདུན་དུ་མི་ཚོགས་ཀྱིས་ཁེངས་ཡོད་ལ་མངགས་མཁན་མང་པོ་བྱུང་བ་དང་། དེའི་ཐུན་མོང་མ་ཡིན་པའི་ཐོན་རྫས་ཀྱི་ཡིད་དབང་འཕྲོག་ཤུགས་ལ་མི་མང་པོའི་གདེང་འཇོག་བཟང་པོ་ཐོབ་པ་མ་ཟད། “སྒང་པའི་འཁལ་འཐག”གི་སྤུས་རྟགས་ཀྱང་སྤྱི་མང་ཁྲོམ་རར་ཐོག་མར་ཐོན་ནས་ཁྲོམ་རའི་ཚུར་སྣང་ལན་ཆ་བཟང་པོ་དང་དཔལ་འབྱོར་གྱི་ཕན་འབྲས་བཟང་པོ་ཐོན་ཏེ་རྗེས་མཐུད་ཁྲོམ་ར་རྒྱ་ཆེར་གཏོང་བར་ཉམས་མྱོང་བསགས་ཡོད།
སྲོལ་རྒྱུན་ལག་ཤེས་རྒྱུན་འཛིན་བྱས་ནས་མུ་མཐུད་ལེའུ་གསར་བརྩམས་པ།
གོམ་སྟབས་རྗེས་མའི་འཕེལ་རྒྱས་འཆར་འགོད་སྐོར་གླེང་སྐབས་པ་སངས་ཚེ་རིང་གིས་ལག་ཤེས་འཁལ་འཐག་ཐོན་ལས་ཀྱི་སྤུས་ཚད་མུ་མཐུད་ལེགས་སུ་གཏོང་བ་དང་རིག་གནས་མུ་མཐུད་རྒྱུན་འཛིན། ཐོན་རྫས་ཕྱིར་ཚོང་གི་ཐབས་ལམ་སྔར་བས་རྒྱ་ཆེར་གཏོང་བ། ཐོན་རྫས་དང་རིག་གནས་ཀྱི་མི་མངོན་པའི་ནུས་པ་སྔོག་འདོན་གཏིང་ཟབ་བཅས་བྱས་ནས་ཐོན་ལས་འཕེལ་རྒྱས་དེ“གཉིས་ཁེ”ནས“མང་ཁེ”བར་མཆོང་སྐྱོད་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་ཐོན་ལས་འཕེལ་རྒྱས་འགྲོ་བ་དང་། བུད་མེད་ལ་འབབ་འཕར་ཡོང་བ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བ། རིག་གནས་རྒྱུན་འཛིན་ཐུབ་པ་བཅས་ཕྱོགས་མང་གཉིས་ཕན་ཡོང་བ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
བདེ་ལྕག་འཁྱུག་པའི་ལག་གཉིས་ཀྱིས་འཐག་པ་ནི་སྤུས་ལེགས་སྤྱོད་གོ་ཆོད་པའི་ལག་ཤེས་ཐོན་རྫས་ཙམ་མ་ཡིན་པར། དེ་བས་སྒང་པ་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི་རེ་བ་ཡང་མཚོན་གྱི་ཡོད། ཁབ་སྐུད་རེ་རེའི་ལག་ཤེས་བཟོ་རྩལ་སྣ་ཚོགས་ལས་ལོ་ངོ་སྟོང་གི་རིག་གནས་མི་རབས་ནས་མི་རབས་རྒྱུན་འཛིན་ཡག་པོ་བྱས་པ་མངོན་ཡོད། ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་ངེས་པ་དང་བཟོ་བོའི་སྙིང་སྟོབས་ལ་འགྱུར་ལྡོག་མི་གཏོང་བར་སྒང་པའི་འཁལ་འཐག་གིས་རིག་གནས་རྒྱུན་འཛིན་གྱི་ཐོག་མའི་བསམ་འདུན་བརྟན་སྲུང་དང་དམངས་ཕྱུག་ཐོན་ལས་ཀྱི་ལམ་བུ་བརྟན་དུ་བཏང་ནས་གངས་ལྗོངས་ས་མཐོར་སོར་རྩེའི་ལག་རྩལ་སྨྱུ་གུར་བྱེད་པ་དང་། སྤུས་ལེགས་ལུག་བལ་སྣག་ཚར་བྱས་ཏེ། འཁལ་འཐག་ཐོན་ལས་དར་རྒྱས་དང་། རིག་གནས་དར་རྒྱས། མི་སེར་ཕྱུག་འགྱུར་བཅས་ཀྱི་ཐུན་མོང་ཕྱུག་འགྱུར་གྱི་ལེའུ་གསར་བརྩམས་ནས་ཁབ་སྐུད་རེ་རེས་གནའ་བོའི་རིག་གནས་རྒྱུན་འཛིན་བྱས་ཏེ་གངས་ལྗོངས་ས་མཐོར་གྲོང་གསེབ་དར་རྒྱས་ཀྱི་བདེ་སྐྱིད་ལྡན་པའི་ལེའུ་གསར་རྩོམ་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།