དབུ་ཤོག>ཞིང་འབྲོག་གསར་པ།
  • དུད་ཚང་112ཀྱིས་སློབ་གྲྭ་ཆེ་མོ་བ་113གསོ་སྐྱོང་བྱས་པ།

    —— ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་གི“སློབ་གྲྭ་ཆེ་མོ་བའི་གྲོང་ཚོའི”སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-05-07

    འདི་ནི་ཚན་རྩལ་ཆེད་བསྐོས་པ་བསོད་ནམས་ཆོས་སྒྲོན(གཡས་ཀྱི་དང་པོ)གྱིས་མང་ཚོགས་དང་ལོ་ཏོག་འདེབས་འཛུགས་ཀྱི་ལག་རྩལ་སྐོར་ལ་གྲོས་བསྡུར་བྱེད་བཞིན་པ།

    བོད་ཤར་རྒྱུད་དུ་གནས་པའི་ས་མཐོའི་རི་ཚོགས་ཀྱིས་བསྐོར་བའི་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་སྐྱ་འབེལ་ཤང་བསམ་གྲུབ་རོང་གྲོང་ཚོ་ནི་གྲོང་ཚོ་སྤྱིར་བཏང་ཞིག་ཡིན་ཞིང་། དེར་དུད་ཚང་112དང་མི་གྲངས་784ཡོད།

    འོན་ཀྱང་གྲོང་ཚོ་དེས་སྤྱིར་བཏང་གཏན་ནས་མིན་པའི་ལམ་བུ་ཞིག་ཏུ་བསྐྱོད་ཡོད་པ་སྟེ། གྲོང་ཚོ་ཡོངས་ནས་སློབ་གྲྭ་ཆེ་མོ་བ་113གསོ་སྐྱོང་བྱས་པ་དེ་རེད།

    གོ་འཇོའི་འབྲོག་ཁུལ་དུ“སློབ་གྲྭ་ཆེ་མོ་བའི་གྲོང་ཚོ”དེ་འདྲ་ཞིག་ཐོན་པར་མི་རྣམས་ཀྱིས་ས་མཐོའི་གྲོང་ཚོ་ཆུང་ཆུང་དེས་ཡང་སྙིང་ལས་ཀ་གང་འདྲ་ཞིག་བྱས་པའི་སྐོར་འདྲི་སྲིད།

    ཀྲང་ཤིང་པིན་ནི་བསམ་གྲུབ་རོང་གྲོང་ཚོའི་གྲོང་སྡོད་ཧྲུའུ་ཅི་དང་པོ་དང་། ལས་དོན་རུ་ཁག་གི་རུ་དཔོན་རེད། 2024ལོའི་ལོ་འགོར་གྲོང་ཚོར་ཐོག་མར་སླེབས་སྐབས། ཁོང་གིས་གོ་འཇོའི་འབྲོག་ཁུལ་གྱི་གྲོང་ཚོ་མང་པོར་སློབ་གྲྭ་ཆེ་མོ་བ་ཉུང་ཉུང་ཡིན་ནའང་། བསམ་གྲུབ་རོང་གྲོང་ཚོའི་འགྲེམས་པང་ཐོག་སློབ་གྲྭ་ཆེ་མོ་བའི་མིང་ཐོས་ཁེངས་པ་མཐོང་སྐབས་ཧང་སངས་པ་རེད།

    ཀྲང་ཤིང་པིན་ཐེ་ཚོམ་གྱི་ཀློང་དུ་ཚུད་པ་མཐོང་འཕྲལ་གྲོང་ཚོའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་བློ་རྣམ་གྱིས་ཚོས་གཞི་ལོག་པའི་འདྲ་པར་ཞིག་ལ་མཛུབ་མོ་བཙུགས་ཏེ་ཉི་མ་བཀྲ་ཤིས་ཀྱི་སྐོར་གླེང་འགོ་ཚུགས།

    ལོ་དེར་ཉི་མ་བཀྲ་ཤིས་ཀྱིས་རྫོང་སློབ་འབྲིང་དུ་སློབ་སྦྱོང་སློབ་དུས་གཅིག་ལས་མ་བྱས་པར་ཁྱིམ་དུ་ཕྱུགས་རྫིར་ལོག་ཡོང་པས། གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིས་མཚེར་ས་ནས་ཐེངས་མང་བསྐོང་བར་བསྐྱོད་དེ་ཁོང་གི་ཕ་མའི་བསམ་ཤེས་ཐུབ་ཐབས་བྱས་མཐར། ཉི་མ་བཀྲ་ཤིས་ཀྱི་ཨ་མ་སེམས་འགུལ་ཐེབས་པ་དང་། ཨ་ཕས་ནོར་བཙོངས་པའི་ཁར་ལས་དོན་རུ་ཁག་གིས་རོགས་སྐྱོར་གང་ཐུབ་བྱས་པས་ཁོང་ཆབ་མདོ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭ་འགྲིམ་ཐུབ་པ་རེད། དེ་ནས་བཟུང་ཉི་མ་བཀྲ་ཤིས་ཀྱིས་ལས་རིགས་སློབ་གྲྭ་ནས་སློབ་ཆེན་དུ་རྒྱུགས་སྤྲད་པ་དང་། དེ་ནས་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་དེ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་ནས་མཐར་ཕྱིན་རྗེས་འཇོ་མདའ་རྫོང་སྨན་རྩིས་ཁང་གི་སྨན་པ་ཞིག་ཏུ་གྱུར།

    “2020ལོར་བསམ་གྲུབ་རོང་གྲོང་ཚོའི་ཏང་ཀྲི་པུའུ་ཡིས‘གྲོང་གསེབ་ཀྱི་སློབ་གསོ་ཡག་པོ་གཉེར་རྒྱུ’དེ‘འདུ་འགོད་ཨང་དང་པོར’བརྩིས་ཤིང་། བློ་རྣམ་གྱིས“ལམ་སྲོལ་འདི་ཐེངས་རིམ་བྱུང་གི་ཚན་ཁག་གཉིས་ཀྱིས་ཀྱང་འགྱུར་བ་བཏང་མེད”ཅེས་བཤད།

    “2018ལོར་བསོད་ནམས་རྒྱ་མཚོ་ལྷ་ས་དགེ་འོས་སློབ་ཆེན་ནས་མཐར་ཕྱིན་ཏེ་གྲོང་ཚོར་ལོག་པ་དང་། ཁོང་ནི་གྲོང་ཚོའི་ལས་བྱེད་པ་བྱེད་མཁན་སློབ་གྲྭ་ཆེ་མོ་བ་དང་པོ་དེ་རེད། སྐབས་བརྗེའི་འདེམས་བསྐོ་བྱས་རྗེས། ཁོང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལ་བདམས་པས། ཚན་ཁག་གི་ཆ་སྙོམས་ལོ་ཚད་43.4ནས་ལོ་34.2བར་ཆག་པ་དང་། ཆེད་ཚན་ཡན་གྱི་སློབ་རྒྱུས་ལྡན་མཁན་མེད་པའི་སྟོང་ཆ་ཡང་གསབ་ཐུབ་ཡོད།

    ཀྲང་ཤིང་པིན་དང་ལས་དོན་རུ་ཁག་སླེབས་རྗེས། གྲོང་ཚོར་མི་རིགས་ལག་ཤེས་བཟོ་རྩལ་དར་རྒྱས་གཏོང་རྒྱུར་སྐུལ་འདེད་བཏང་ནས་མཉམ་སྡེབ་ཀྱི་ཐོན་ཁུངས་གང་འགབ་ཅི་སྤྱོད་བྱས་པས། 2025ལོར་མཉམ་སྡེབ་དཔལ་འབྱོར་གྱི་སྤྱིའི་ཡོང་འབབ་སྒོར་ཁྲི་50ཟིན་ཞིང་། གྲོང་ཚོ་ཨུ་ལྷན་གྱིས་ཡོང་འབབ་ཀྱི་15%བཏོན་ནས“བསམ་གྲུབ་རོང་གི་སློབ་གསོའི་སྤྱི་ཕན་ཐེབས་རྩ”ཞེས་སློབ་ཆེན་དུ་རྒྱུགས་འཕྲོད་མཁན་སློབ་མར་བྱ་དགའ་དང་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་ཐ་སྐྱོང་ཐེབས་རྩ་བཙུགས་ཡོད།

    གྲོང་ཚོར་སློབ་གྲྭ་ཆེ་མོ་བ་སྔར་ལས་མང་བ་ཐོན་པ་མཐོང་སྐབས། དེའུ་དམར་མཉམ་ལས་ཁང་གི་འགན་འཁུར་བ་ཤེས་རབ་ཉི་མས“སང་ལོ་ནས་བཟུང་། ང་ཚོའི་མཉམ་ལས་ཁང་གིས་གཉེར་སྐྱོང་ཡོང་འབབ་ནས་15%གྲོང་ཚོ་རིམ་པའི་སློབ་གསོའི་སྤྱི་ཕན་ཐེབས་རྩར་གཏོང་རྒྱུ་དང་། ཕྲུ་གུ་སློབ་གྲྭ་འགྲིམ་པར་གཏོང་རྒྱུ་ནི་གཞན་གང་ལས་ཀྱང་ལྷག་པའི”རྣམ་འགྱུར་བསྟན།

    ད་ཆ་གྲོང་ཚོའི་དར་སྲོལ་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་ནི། ཡུལ་མི་ཕན་ཚུན་ཐུག་སྐབས་ཁྱིམ་ཚང་སུའི་ནོར་ལུག་གི་ཤ་ཤེད་ཡག་ལུགས་དང་དབྱར་རྩྭ་དགུན་འབུ་མང་ལུགས་སྐོར་མིན་པར་སློབ་གྲྭ་ཆེ་མོ་བ་ཐོན་མཁན་དང་སློབ་གྲྭ་གང་དུ་རྒྱུགས་འཕྲོད་ཡོད་མེད་སྐོར་གླེང་བ་དེ་ཡིན། གྲོང་ཚོས་མངོན་གསལ་དོད་སར“སློབ་མའི་སློབ་ཐོན་མིང་ཐོ”བཀལ་ནས་སློབ་གྲྭ་ཆེ་མོ་བ་ཚང་མའི་འདྲ་པར་སྦྱར་བ་དང་སྦྲགས་དེའི་གནས་ཚུལ་བྲིས་ཡོད། མིག་སྔར་སློབ་གྲྭ་ཆེ་མོ་བ་26ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱས་པའི་ནང་། ཁག་གཅིག་གྲོང་ཚོའི“ཨུ་ལྷན་གཉིས”སུ་ལས་ཀར་བསྐྱོད་པ་དང་། ཁག་གཅིག་ཐོན་ལས་སྣེ་འཁྲིད་པར་གྱུར་པ། ཁག་གཅིག་གིས་ལས་གཏོད་བྱས་ཏེ་ས་མཐོའི་ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་བྱེད་བཞིན་ཡོད།

    ཉིན་དེའི་ས་སྲོད་ཀྱི་མཚམས་སུ། ཀྲང་ཤིན་པིན་དང་བློ་རྣམ་མཉམ་དུ་འགྲེམས་པང་མདུན་དུ་བསྡད་ནས་འགྲེམས་པང་ངོས་སུ་སྦྱར་བའི་ན་གཞོན་དེ་དག་གི་འདྲ་པར་ལ་ལྟ་བཞིན་ཡོད་པ་དང་། ཀྲང་ཤིང་པིན་གྱིས“འགྲེམས་པང་ནང་སློབ་གྲྭ་ཆེ་མོ་བའི་འདྲ་པར་མི་ཤོང་བས་རྗེས་སུ་དེ་ལས་ཆེ་བ་ཞིག་བརྗེ་དགོས་ཀྱི་འདུག”ཅེས་དགའ་ཚོར་ཆེན་པོས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།