དབུ་ཤོག>ཞིང་འབྲོག་གསར་པ།
  • ​ —— སྙེ་མོ་རྫོང་གི་སྤོས་བཟོའི་ལག་ཤེས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་བསྟན་འཛིན་ཆོས་གྲགས་ཀྱི་སྐོར་བཀོད་པ།

    སྤོས་ཀྱི་དྲི་ཞིམ་འཐུལ། ཐོན་ལས་དར་ཞིང་རྒྱས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-05-06

    ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཐོན་པ་གྲོང་རྡལ་ཐོན་མདའ་གྲོང་ཚོར་སྤོས་ཀྱི་འབྱུང་ཁུངས་ཞེས་སུ་གྲགས་ཤིང་། གནའ་བོའི་གྲོང་ཚོ་འདིར་ལོ་ངོ་1300ལྷག་ཙམ་གྱི་སྤོས་བཟོའི་ལོ་རྒྱུས་ཡོད། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་མི་ཞིག་གིས་ལོ་30སྤོས་བཟོའི་ལས་ལ་གཞོལ་ཞིང་། ཁོང་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྟེ་སྙེ་མོའི་སྤོས་བཟོའི་ལག་ཤེས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་བསྟན་འཛིན་ཆོས་གྲགས་རེད།

    ཁོང་ལ“རྒྱལ་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་དབུལ་སྐྱོར་གྱི་ཕུལ་བྱུང་སྣེ་ཁྲིད་པ”དང་སྐབས་དང་པོའི“ལྷ་སའི་ལག་ཤེས་པ”སོགས་མི་སྒེར་གྱི་གཟི་བརྗིད་མཚན་སྙན་20ལྷག་ཙམ་ཐོབ་མྱོང་ཡོད།

    ལོ་བཅུ་གཅིག་ལ་སླེབས་སྐབས་བསྟན་འཛིན་ཆོས་གྲགས་ཀྱིས་ས་གནས་དེ་གའི་སྐད་གྲགས་ཡོད་པའི་ལག་ཤེས་པའི་རྗེས་སུ་འབྲངས་ནས་སྤོས་བཟོའི་ལག་ཤེས་སྦྱོང་འགོ་ཚུགས་ཤིང་། སྨན་རྩྭ་དབྱེ་འབྱེད་ནས་སྤོས་རྒྱུ་རྫི་བའི་བར་དང་། སྦྱོར་རྟ་ཁོང་དུ་ཆུད་པ་ནས་ལག་ཤེས་བྱང་ཆུབ་པ་ཤེས་པའི་བར་གྱི་བརྒྱུད་རིམ་ཚང་མ་ཁོང་གིས་ཞིབ་ཚགས་པོས་སྦྱངས་པ་ལས་ལྷོད་གཡེང་གཏན་ནས་གཏོང་མྱོང་མེད།

    བསྟན་འཛིན་ཆོས་གྲགས་ཀྱིས་ལོ་30ཡི་ཉིན་མཚན་ཁྲི་སྟོང་མང་པོའི་ལང་ཚོ་གནའ་བོའི་ལག་ཤེས་སྦྱོང་རྒྱུར་ཕུལ་ཡོད། ཁོ་པས་སྤོས་ནི་བདུག་རྫས་ཙམ་མིན་པར་བོད་ཀྱི་རིག་གནས་ཀྱི་གཞི་རྟེན་དང་མེས་པོ་ཚོའི་བློ་གྲོས་ཀྱི་ཉིང་བཅུད་རེད་ཅེས་བརྗོད་ཀྱི་ཡོད།

    2025ལོར་བསྟན་འཛིན་ཆོས་གྲགས་ཀྱིས་ལྷ་སར་སྙེ་མོའི་སྤོས་བཟོ་གྲྭ་ཞིག་འཛུགས་རྒྱུའི་སེམས་ཐག་བཅད། ཁོ་པའི་ངོས་ནས་བརྗོད་ན། དེ་ནི་ལས་གཏོད་ཙམ་མིན་པར། མངོན་མིན་ཤུལ་བཞག་རྒྱུན་འཛིན་བྱེད་པའི་འགྲུལ་བཞུད་ཅིག་རེད།

    ཁོ་པས་སྔ་རྗེས་སུ“སྙེ་མོའི་གནའ་སྤོས”དང“གངས་ལྗོངས་ཁམས་བཟང”ཞེས་པའི་སྤུས་རྟགས་ཆེན་པོ་གཉིས་བཏོན་པ་དང་། ཕྱིས་སུ་སླར་ཡང་སྤུས་རྟགས་རྩེ་གྲ“བསྟན་ཆོས་ཚང”ཞེས་པ་བཏོན་ཡོད། ཁོ་པས་སྲོལ་རྒྱུན་གྱི་བཟོ་རྩལ་སོར་འཇོག་བྱས་པ་དང་ཆབས་ཅིག་ཐོན་རྫས་ཀྱི་ཐུམ་སྒྲིལ་དེང་རབས་ཅན་དུ་ལེགས་སུ་བཏང་བ་མ་ཟད། དྲ་རྒྱ་སྤྱད་དེ་ཁྱབ་གདལ་བཏང་ནས་སྙེ་མོའི་སྤོས་ཐོན་རྫས་འདྲ་འདྲའི་ཁྲོད་ནས་འབུར་དུ་ཐོན་པར་བྱས་ཡོད།

    2025ལོར་ཀུང་སིའི་ཐོན་རྫས་རིན་ཐང་སྒོར་ཁྲི་400ལྷག་ཙམ་ཟིན་ཞིང་། གྲུབ་འབྲས་དེ་ནི་ཁོ་པས་ཐོག་མཐའ་བར་གསུམ་དུ་ཐོན་རྫས་ཀྱི་སྤུས་ཀར་མཐོང་ཆེན་བྱས་པའི་དཔང་པོ་རེད། ཀུང་སིས་ད་དུང་དཀའ་ངལ་ཡོད་པའི་མང་ཚོགས་དང་སློབ་གྲྭ་ཆེ་མོ་བ་28ལ་ལས་ཞུགས་ལས་གནས་མཁོ་འདོན་བྱས་པ་དང་། ལོའི་གླ་ཕོགས་བསྡོམས་འབོར་2010ལོའི་སྒོར་ཁྲི་13ནས་2023ལོའི་སྒོར་ཁྲི་223བར་སྤར་ཏེ་ཁྱིམ་ཚང་ཚང་མར་འབབ་འཕར་བཏོད་ཡོད།

    བསྟན་འཛིན་ཆོས་གྲགས་ཀྱིས་སྤོས་བཟོའི་ལག་ཤེས་འདི་རང་ཉིད་ཙམ་མ་ཟད། མི་དེ་བས་མང་བས་ཤེས་པ་དང་རྒྱུན་འཛིན་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།

    ཁོ་པ་རྒྱུན་དུ་སྙེ་མོ་རྫོང་སློབ་འབྲིང་དུ་བསྐྱོད་དེ་སློབ་མ་ཚོར་སྤོས་བཟོའི་ལག་ཤེས་ཁྱབ་གདལ་བཏང་ནས་སྤོས་ཀྱི་ལོ་རྒྱུས་དང་། བཟོ་རྩལ། རིག་གནས་ཀྱི་རིན་ཐང་བཅས་ལ་འགྲེལ་བཤད་རྒྱག་པ་མ་ཟད། དགེ་ཕྲུག་ལ་སྨན་རྒྱུ་དབྱེ་འབྱེད་བྱེད་པ་དང་སྤོས་འདམ་རྫི་བའི་བརྒྱུད་རིམ་ཚང་མ་སྦ་གསང་མེད་པར་སློབ་ཀྱི་ཡོད། སྤོས་བཟོའི་ལག་ཤེས་རྒྱུན་འཛིན་པ་32ཀྱིས་ཁོ་པའི་འགྲམ་ནས་སྔ་རྗེས་སུ་ལག་ཤེས་སྦྱངས་པ་དང་། དེའི་ཁྲོད་ས་གནས་དེ་གའི་བུད་མེད་16ཡོད་པ་རེད།

    མང་ཚོགས་དེ་བས་མང་བར་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱ་ཆེད། བསྟན་འཛིན་ཆོས་གྲགས་ཀྱིས་སྤོས་ཁོ་ན་བཟོ་རྒྱུར་བློ་ཡིད་ཚིམ་ནས་མ་བསྡད་པར། 2021ལོར་ཁོ་པས་མ་དངུལ་སྒོར་ཁྲི་700ལྷག་ཙམ་བཏང་ནས་ས་གནས་དེ་གའི་མང་ཚོགས་དང་མཉམ་དུ་སྙེ་མོའི་ཕུག་ནས་དཀར་མོའི་ཞིང་ལས་ཐོན་རྫས་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ་རྩམ་པ་སོགས་ཞིང་ལས་ཐོན་རྫས་ཀྱི་སྲོལ་རྒྱུན་ལག་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་འབྲེལ་མང་ཚོགས་དེ་བས་མང་བར་ལས་ཞུགས་ལས་གནས་མཁོ་འདོན་བྱས་ཡོད།

    ད་ཆ་ཀུང་སིས་ལོ་ལྟར་ཞིང་འབྲོག་པའི་ས་ནས་ནས་སོགས་སྒོར་ཁྲི་80ལྷག་ཙམ་རི་བའི་ཞིང་ཞོར་ཐོན་རྫས་དང་སྒོར་ཁྲི་180ལྷག་ཙམ་རི་བའི་སྤོས་རྒྱུ་ཉོ་སྒྲུབ་བྱེད་ཀྱི་ཡོད། “ཀུང་སི་དང་ཞིང་དུད་ཟུང་དུ་འབྲེལ་བའི”རྣམ་པའི་ཐོག་ནས་ཁྱིམ་ཚང་དེ་བས་མང་བ་མངོན་མིན་རིག་གནས་ཤུལ་བཞག་ལ་བརྟེན་ནས་འབབ་འཕར་དང་ཞིང་ལས་ལ་བརྟེན་ནས་ཕྱུག་འགྱུར་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།