ལྷོ་ཁ་གྲོང་ཁྱེར་གྱི་གྲོང་གསེབ་གཞུང་ལམ་གྱི་ལམ་ཐག་སྤྱི་ལེ་1600ལྷག་ཙམ་རིང་དུ་ཕྱིན་པ།
“ལོ་ལྔ་ཚན་བཅུ་བཞི་པ”ཚུན། ལྷོ་ཁ་གྲོང་ཁྱེར་གྱིས་འཛུགས་སྐྲུན་ཡག་པོ་དང་། དོ་དམ་ཡག་པོ། སྲུང་སྐྱོང་ཡག་པོ། གཉེར་སྐྱོང་ཡག་པོ་བཅས་ཀྱི“ཡག་པོ་བཞིའི”འདུ་ཤེས་ཐོག་མཐའ་བར་གསུམ་དུ་བརྟན་པོ་བསྲུངས་ནས། གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་བྱེད་པ་དེ་གྲོང་གསེབ་དར་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འགག་རྩའི་བྱེད་ཐབས་ཤིག་ལ་བརྩིས་ཤིང་། རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་90ལྷག་ཙམ་བཏང་སྟེ། རྒྱལ་ལམ་དང་ཞིང་ཆེན་ལམ་དང་གྲོང་གསེབ་གཞུང་ལམ་སྤྱི་ལེ་4000ཙམ་གསར་དུ་བསྐྱར་སྐྲུན་བྱས་པས། གྲོང་གསེབ་གཞུང་ལམ་གྱི་སྤྱིའི་ལམ་ཐག་སྤྱི་ལེ་5261ནས་སྤྱི་ལེ་6864བར་རིང་དུ་ཕྱིན་ཡོད་པ་རེད། ལྷོ་ཁ་གྲོང་ཁྱེར་གྱི་ཤང་དང་གྲོང་རྡལ་83དང་སྲིད་འཛིན་གྲོང་ཚོ་577ཚང་མར་གཞུང་ལམ་ཤར་གཏོང་ཐུབ་ཚད་100%ཟིན་ཡོད། དེ་སྔ་ལྷོ་བྲག་རྫོང་ནས་ལྷོ་ཁ་གྲོང་ཁུལ་བར་གྱི་ཆུ་ཚོད་8སྐྱོད་དགོས་པའི་རི་ལམ་ལ་ད་ཆ་སྣུམ་ནག་ལམ་ཤར་གཏོང་ཐུབ་ནས་ལམ་ཐག་ཕྱེད་ཀ་ཙམ་ཐུང་དུ་ཕྱིན་ཡོད་པ་རེད།
ལྷོ་ཁ་གྲོང་ཁྱེར་གྱིས“འགྲུལ་ཟོག་སྦྲག”མཉམ་འདྲེས་འཕེལ་རྒྱས་རྣམ་པ་རྒྱུན་མཐུད་ལེགས་སུ་བཏང་ནས། འགྲུལ་སྐྱེལ་ས་ཚིགས་12དང་ཤང་དང་གྲོང་རྡལ་གྱི་ཕྱོགས་བསྡུས་ཞབས་ཞུ་ས་ཚིགས་43བསྐྲུན་པ་དང་། ཤང་དང་གྲོང་རྡལ་81དང་སྒྲིག་ཁོངས་གྲོང་ཚོ་535ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་100%ཟིན་ཡོད། སྣེ་གདོང་ཆུས་དང་རྒྱ་ཚ་རྫོང་གིས་གྲོང་གསེབ་ཀྱི་འགྲུལ་སྐྱེལ་སྤྱི་སྤྱོད་རླངས་འཁོར་ཅན་ཁྱབ་གདལ་བཏང་བས། ཡུལ་མི་ཚོ་ཕྱིར་སྐྱོད་སྐབས་མཁྲེགས་ལམ་དུ་སྐྱོད་ཐུབ་པ་དང་འགྲུལ་སྐྱེལ་རླངས་འཁོར་ལ་སྡོད་རྒྱུ་བྱུང་ཡོད། དེ་དང་ཆབས་ཅིག་ལྷོ་ཁ་གྲོང་ཁྱེར་གྱི་སྲིད་འཛིན་གྲོང་ཚོ་577ཚང་མར་མྱུར་སྐྱེལ་ཤར་གཏོང་ཐུབ་ནས། ལོ་གཅིག་གི་སྔ་སྣུར་དུ་ལོ་3གྱི་བྱ་སྤྱོད་དམིགས་ཚད་ལེགས་གྲུབ་བྱུང་བ་དང་། 2025ལོ་ཚུན། གྲོང་ཚོར་བསྐྱལ་བའི་མྱུར་སྐྱེལ་དངོས་ཟོག་ཁྲི་295.87ཟིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།